ཧིན་རྡུའི་བླ་སློབ་༡༥ ལ་མི་གསོད་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག

ཟླ་འདིའི་ཕྱི་ཚེས་༡༦ ཉིན་རྒྱ་གར་དང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ཧིན་རྡུའི་ཆོས་ལུགས་ཀྱི་བླ་མ་རཱམ་པལ་དང་། ཁོང་གི་སློབ་མ་༡༤ ཡིས་དེ་སྔོན་ཕྱི་ལོ་༢༠༡༤ ལོར་སྐྱེས་དམན་བཞི་དང་ཕྲུ་གུ་ཟླ་ངོ་༡༨ ལས་མ་སོན་པ་ཞིག་དམར་གསོད་བཏང་བའི་ནག་ཉེས་ར་འཕྲོད་བྱུང་ནས། རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཧཱ་རི་ཡ་ནའི་ཧི་སར་ཁྲིམས་ཁང་གིས་བདུན་ཕྲག་སྔོན་མའི་ནང་ཁོང་ཚོར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག

དེ་ཡང་གནས་ཚུལ་གྱི་བྱུང་རིམ་ནི། ཐོག་མར་ཕྱི་ལོ་༢༠༠༦ ལོར་བླ་མ་རཱམ་པལ་གྱིས་ཨརྱ་ས་མ་ཇི་(Arya Samaj)ལམ་ལུགས་ལ་སྐྱོན་བརྗོད་བྱས་རྗེས། རཱམ་པལ་གྱི་སློབ་མ་དང་སྐྱོན་བརྗོད་བྱེད་ཡུལ་གྱི་ཆོས་བརྒྱུད་བར་ཕན་ཚུན་ལ་དྲག་པོའི་གདོང་ཐུག་ཤོར་ནས། ཨརྱ་ས་མ་ཇིའི་རྗེས་འབྲང་པ་ཞིག་བསད་ཡོད་སྟབས། རཱམ་པལ་དམར་གསོད་བྱེད་མཁན་ཡིན་པའི་ཁྲིམས་གཏུག་བྱས་ནས་ཟླ་ངོ་ཁ་ཤས་རིང་འཛིན་བཟུང་བཀག་ཉར་བྱས་ཡོད་ཀྱང་། ཕྱི་ལོ་༢༠༠༨ ལོར་བཙོན་གྲོལ་ཁག་ཐེག་གི་ཐོག་ནས་གློད་གྲོལ་བཏང་ཡོད་འདུག དེ་རྗེས་ཕྱི་ལོ་༢༠༡༤ ལོར་རཱམ་པལ་ཐེངས་ཁ་ཤས་ཤིག་ལ་ཁྲིམས་ཁང་དུ་ངོ་བཅར་མ་བྱས་པའི་དབང་གིས། ཉེན་རྟོག་པས་ཁོང་འཛིན་བཟུང་བྱ་རྒྱུ་བྱས་ཡོད་ཀྱང་། ཁོང་གི་རྒྱབ་སྐྱོར་བ་སྟོང་ཚོ་༡༥ ལྷག་གིས་མཐའ་བསྐོར་ནས་འཇུ་བཟུང་བྱས་མ་བཅུག་སྟབས། ཉེན་རྟོག་པ་དང་ཁོང་གི་སློབ་མའི་བར་གདོང་ཐུག་རྒྱག་ནས་ཉུང་མཐར་མི་༦ རྐྱེན་ལམ་དུ་ཤོར་ཡོད་ཁར་མི་༢༠༠ ལྷག་ལ་སྨས་སྐྱོན་ཤོར་ཡོད་པ་དང་། སྐབས་ཐོག་དེ་རང་ལ་བླ་མའི་བཞུགས་གནས་དང་ཆོས་རའི་ནང་རོལ་གྱི་ཁང་ཆུང་ཞིག་ནང་། སྐྱེས་དམན་བཞི་དང་ཕྲུ་གུ་ཟླ་ངོ་༡༨ ལས་མ་སོན་པ་བཅས་བཅུག་ནས་དབུགས་བཀག་སྟེ་བསད་ཡོད་པ་ཧི་སར་ཁྲིམས་ཁང་གིས་ནག་ཉེས་ར་འཕྲོད་བྱུང་ཡོད་པ་རེད་འདུག

རཱམ་པལ་གྱི་ཁྲིམས་རྩོད་པ་རྣམས་ཀྱིས་བསྐྱར་དུ་ཁྲིམས་ཆད་དེའི་ཐོག་ལ་ཁྲིམས་གཏུག་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག་པ་དང་། ཧིན་རྡུ་ཆོས་ལུགས་ཀྱི་བླ་མ་རཱམ་པལ་ནི་གསུང་ཆོས་གནང་ས་དང་བཞུགས་གནས་བཅས་རྒྱ་གར་རྒྱལ་ཡོངས་སུ་ཡོད་ཁར། སློབ་མ་ཁྲི་ཕྲག་མང་པོ་ཡོད་མཁན་ཞིག་ཡིན་སྐོར་བཅས་འདུག   །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༠༣༩ ཀློག་གྲངས།