ཁྱོ་ག་ཤི་ཁུལ་རྗེས་སུ་སྐྱེས་དམན་མ་སྨད་གསུམ་རང་ཤི།

ཉེན་སྲུང་མ་འཇོག་རྒྱ་སྒོར་ས་ཡ་གཅིག་ཐོབ་ཆེད་རྒྱ་ནག་ནས་སྐྱེས་པ་ཞིག་གིས་ཤི་ཁུལ་བྱས་ཀྱང་། སྐྱེས་དམན་གྱིས་ཁྱོ་ག་དངོས་གནས་ཤི་རེད་བསམ་ནས་མ་སྨད་གསུམ་རང་ཤི་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༧ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ནས་ཧཱེ་མིང་ཅན་གྱི་སྐྱེས་པ་ཞིག་གིས་ཟླ་སྔོན་མའི་འགོ་སྟོད་དུ། རྒྱ་སྒོར་ས་ཡ་གཅིག་རག་པའི་ཉེན་སྲུང་མ་འཇོག་ཅིག་ཁོ་པའི་སྐྱེས་དམན་གྱིས་མ་ཤེས་ས་ནས་ཉོས་ཡོད་པ་དང་། དེ་རྗེས་ཉིན་ཞིག་ལ་ཁོང་གིས་མི་གཞན་ལས་གཡར་བའི་རླངས་འཁོར་ཞིག་རྒྱུག་ཆུ་ཞིག་གི་ནང་དུ་གཡུགས་ནས་དེར་ཁོ་རང་གི་ཚེ་སྲོག་ཤོར་བར་རྫུན་མ་འཁྲབ་སྟེ། ཉེན་སྲུང་མ་འཇོག་རྒྱ་སྒོར་ས་ཡ་གཅིག་ཁོ་རང་གི་སྐྱེས་དམན་གྱི་ལག་ཏུ་རག་ཐབས་འཐེན་ཡོད་འདུག་ཀྱང་། སྟབས་མ་ལེགས་པ་ཞིག་ལ་ཁོའི་སྐྱེས་དམན་གྱིས་དོན་དངོས་ཀྱི་གནས་ཚུལ་མ་རྟོགས་པར་མོ་རང་གི་ཁྱོ་ག་དངོས་གནས་གྲོངས་རེད་བསམ་ནས་མོ་རང་དང་། ཕྲུ་གུ་གཉིས་བཅས་མཚེའུ་ཞིག་ནང་མཆོངས་ནས་རང་ཤི་བྱས་ཡོད་འདུག

སྐྱེས་དམན་མ་སྨད་གསུམ་གྱི་ཕུང་པོ་ཟླ་འདིིའི་ཕྱི་ཚེས་༡༡ ཉིན་མཚེའུ་ཞིག་ནས་རག་ཡོད་འདུག་པ་དང་། དེ་ཕྱི་ཉིན་ཏེ་ཕྱི་ཚེས་༡༢ ཉིན་ཧཱེ་མིང་ཅན་གྱིས་རྒྱ་ནག་ཧུ་ནན་ཞིང་ཆེན། ཤིན་ཧཱ་རྫོང་གི་ཉེན་རྟོག་པར་མགོ་བཏགས་ཞུས་ཡོད་འདུག་པ་དང་། ཉེན་རྟོག་པས་ཁོང་ལ་ཉེན་སྲུང་མ་འཇོག་གི་ཐོག་གཡོ་སྒྱུ་འཁྲབ་པ་དང་། ཆེད་དུ་རྒྱུ་ནོར་འཕྲོ་བརླག་གཏོང་རྒྱུའི་ཀུན་སློང་བཅངས་བ་བཅས་ཀྱི་ཉེས་མིང་འོག་ད་ལྟའི་ཆར་ཁོང་བཀག་ཉར་བྱས་ཡོད་འདུག

ཧཱེ་མིང་ཅན་གྱི་སྐྱེས་སྨན་གྱིས་རང་ཤི་མ་བྱས་གོང་སྐད་འཕྲིན་ཐོག་ཡིག་ཐུང་ཞིག་སྤེལ་ནས་མོ་རང་ཁྱོ་ག་མཉམ་དུ་འགྲོ་རྒྱུ་ཡིན་པ་དང་། ཁྱིམ་ཚང་གི་ནང་མི་བཞི་པོ་དུས་གཏན་དུ་མཉམ་འགྲོ་མཉམ་འདུག་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད་འདུག

དེ་ཡང་ཉེན་སྲུང་མ་འཇོག་གི་གན་ཡིག་ནང་། གལ་སྲིད་ཁོ་རང་ལ་གློ་བུར་དུ་སྲོག་ཉེན་ལྟ་བུའི་གནས་ཚུལ་ངན་པ་བྱུང་ཚེ། ཉེན་སྲུང་མ་འཇོག་དེ་ཐོབ་སའི་མི་ནི་ཁོ་རང་གི་སྐྱེས་དམན་ཡིན་པ་བྲིས་ཡོད་འདུག་པ་དང་། རང་ཤི་བྱས་པའི་སྐྱེས་དམན་དེ་ད་ལྟའི་ཆར་ལོ་༣༡ དང་། སྐྱེས་དམན་མཉམ་དུ་ཤི་བའི་བུ་ལོ་བཞི་དང་བུ་མོ་ལོ་གསུམ་ཡིན་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༢༢༧༠ ཀློག་གྲངས།