བོད་ཀྱི་སྐད་ཡིག་གནས་བབ་འཚོལ་བའི་བགྲོ་གླེང་།

རྒྱ་གར་ལྷོ་ཕྱོགས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་བཙན་བྱོལ་ནང་གི་བོད་ཀྱི་སྐད་ཡིག་གི་གནས་བབ་འཚོལ་བ་ཞེས་པའི་བརྗོད་གཞིའི་ཐོག་དྲི་བ་དྲིས་ལན་གྱི་ལམ་ནས་གོ་བསྡུར་གྱི་ཚོགས་འདུ་ཞིག་འཚོགས་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཚེས་༡༦ དགོང་མོ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་བོད་ཡིག་སྡེ་ཚན་དང་སྦེང་ལོར་ས་གནས་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གཉིས་ཀྱི་གོ་སྒྲིག་འོག ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་དཔེ་མཛོད་ཚོགས་ཁང་དུ་༼བཙན་བྱོལ་ནང་གི་བོད་ཀྱི་སྐད་ཡིག་གི་གནས་བབ་འཚོལ་བ།༽ཞེས་པའི་བརྗོད་གཞིའི་ཐོག་ན་གཞོན་གོ་བསྡུར་བྱས་ཡོད་པ་རེད།

ལས་རིམ་དེའི་ཐོག་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་རྒན་བཀྲ་བཟང་དང་།  བོད་ཀྱི་མཛངས་པ་ཉི་མ།  བཙོན་བྱོལ་བོད་མིའི་ཁྲིམས་རྩོད་པ་དཀོན་མཆོག་རིན་ཆེན།  ཚོང་ལས་སློབ་ཐོན་པ་སྨོན་ལམ་སྒྲོལ་མ་བཅས་ཀྱིས་གཏམ་བཤད་གཏམ་བཤད་བྱས་ཡོད་པ་རེད།

བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་ཚོགས་མི་ཐུབ་བསྟན་རབ་བརྟན་གྱིས་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གིས་༢༠༡༣ ལོ་ནས་ད་ལྟའི་བར་དུ་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་ལས་རིམ་བྱུང་རབས་དང་། ཁྱིམ་ཚང་གི་སློབ་གསོ། སློབ་གྲྭའི་སློབ་གསོ། སྤྱི་ཚོགས་ཀྱི་སློབ་གསོ་བཅས་ཀྱི་ནང་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་གནད་དོན་ཁག་གི་ཐོག་གོ་བསྡུར་བྱེད་རྒྱུའི་གལ་གནད་སྐོར་ངོ་སྤྲོད་བྱས།

གཏམ་བཤད་པ་རྣམས་ཀྱིས་སློབ་གསོ་གསུམ་གྱི་ནང་གི་སྐད་ཡིག་དང་འབྲེལ་བའི་དྲི་བ་བཅུ་གསུམ་ལ་ལན་འདེབས་གནང་། དེའང་ལོ་རྒྱུས་སློབ་དཔོན་རྒན་བཀྲ་བཟང་གིས་ཁྱིམ་ཚང་གི་སློབ་གསོ་གལ་ཆེ་སྐོར་གསུང་དོན།    ཁྱིམ་ཚང་གི་སློབ་གསོའི་སྐོར་ནི། དེང་སང་ཁྱིམ་ཚང་གི་སློབ་གསོ་ནི་གལ་ཆེ་རུ་འགྲོ་བཞིན་ཡོད་པ་ལྟར་ང་ཚོ་བོད་པའི་སྤྱི་ཚོགས་ནང་དུའང་ཕ་མས་བུ་ཕྲུག་རྣམས་ཀྱི་གྲོད་ཁོག་རྒྱང་ཐུབ་པ་ཙམ་མིན་པར་དེ་ལས་ལྷག་པའི་འགན་ཁྱེར་དགོས་པ་དང་། དམིགས་བསལ་ཤེས་ཡོན་མཐུན་རྐྱེན་ཐོག་ཕྲུ་གུར་རམ་འདེགས་གང་ཐུབ་དགོས་པ་ནི་ཧ་ཅང་གལ་ཆེན་ཡིན་སྐོར་དང་། སློབ་གྲྭའི་སློབ་གསོ་སྐོར་ནས། གཞི་རིམ་སློབ་གྲྭ་ཁག་ཏུ་ནང་ཆོས་དང་མཚན་ཉིད་བཅས་ཀྱི་སློབ་ཚན་མང་དྲག་པས་བྱིས་པའི་ནུས་པས་མ་འདང་པ་དང་།  ཆོས་གཞུང་གི་ཚིག་མཁྲེགས་པོ་དེ་ཚོ་བསླབ་བསྡད་པ་ལས་སྐད་ཡིག་རང་གི་ཐོག་ལ་ཤུགས་རྒྱབ་ན་ནུས་པ་ཐོན་གྱི་ཡིན་པར་གསུངས། ཡང་སྤྱི་ཚོགས་ཀྱི་སློབ་གསོའི་སྐོར་གསུང་དོན།

སྤྱིར་སྐད་ཡིག་གཞན་དང་བསྲེས་ལྷད་ཤོར་བ་ནི་སྐད་ཡིག་འཕེལ་རིམ་གྱི་ཆ་ཤས་སུ་གྱུར་ཡོད་པས།  སྦྲགས་སྐད་བཤད་མཁན་ཡོད་ཀྱང་དེའང་བོད་ཡིག་ལ་དོ་སྣང་ཡོད་མཁན་ཞིག་ཡིན་པ་མཚོན་ཐུབ་པས་སྐྱོན་བརྗོད་བྱེད་མི་རུང་པའི་སྐོར་གསུངས།

མཛངས་པ་ཉི་མ་དང་།  དཀོན་མཆོག་རིན་ཆེན།  སྨོན་ལམ་སྒྲོན་མ་བཅས་ནས་སློབ་གསོ་གསུམ་འབྲེལ་བའི་སྐད་ཡིག་གི་གནད་དོན་སྐོར་གྱི་དྲི་བ་དག་ལ་རང་རང་གི་དགོངས་ཚུལ་གསུངས་པ་དང་། སྦྲགས་སྐད་དེ་སྐད་ཡིག་རྩ་མེད་བཟོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་དང་། བོད་པ་ཕན་ཚུན་བོད་སྐད་གཙང་མའི་ཐོག་ནས་སྐད་ཆ་བཤད་རྒྱུ་གལ་ཆེན་ཡིན་ཞིང་། དྲ་ལམ་སོགས་སུ་བོད་ཡིག་འབྲི་མཁན་དག་གིས་དག་ནོར་ཏོག་ཙམ་ཤོར་སྐབས་སྐྱོན་བརྗོད་བྱེད་རྒྱུ་དེ་མི་ཉན་ཚུལ་དང་། དྲ་ཐོག་ཏུ་མི་འགས་དག་ཆ་ནོར་བས་སྐྱོན་བརྗོད་ཤུགས་ཆེན་ཕོགས་ནས་ཕྱིས་སུ་བོད་ཡིག་མི་བྲི་མཁན་ཆགས་ཚུལ་གསུངས་པ་དང་། སྤྱི་ཚོགས་གཞན་གྱི་ནང་དུ་འཚོ་མཁན་ཚོ་ལ་དྲ་ལམ་དུ་བོད་ཡིག་དང་བོད་སྐད་བེད་སྤྱོད་བྱས་པ་དེས་ཕན་ཐོགས་ཆེན་པོ་ཡོད་ཚུལ་གླེང་།

བོད་ཀྱི་སྐད་ཡིག་བདག་གཅེས་དགོས་ན་བོད་ཡིག་དགེ་རྒན་སོགས་ལ་གླ་ཆ་ཡག་པོ་ཕུལ་ནས་དགེ་རྒན་བདག་པོ་ཡག་པོ་རྒྱག་དགོས་པ་དང་སྐྱེད་སྲེང་ཚད་ལྡན་དགོས་པའི་སྐོར་དང་། གཞུང་དང་ཚོགས་པ་ཁག་དང་། གཞས་སྣ་དང་འདུ་འཛོམས་གོ་སྒྲིག་བྱེད་མཁན་སོགས་དམིགས་བསལ་གནས་ཚུལ་ཕུད་གཞན་ཡིག་འབྲེལ་དང་། གསལ་བསྒྲགས། སོགས་གང་བྱས་ཀྱང་བོད་ཡིག་བཀོལ་སྤྱོད་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

བོད་མི་ཞིག་ཡིན་ཕྱིན་མི་ཚེའི་ནང་བོད་ཀྱི་སྐད་ཡིག་གིས་ཕན་ཐོགས་ཆེན་པོ་ཡོད་ཅིང་།  ནང་ཆོས་དང་། རིག་གཞུང་། གཞས་དང་ཞབས་བྲོ་སོགས་བོད་ཀྱི་རིག་གཞུང་མཐའ་དག་བོད་ཀྱི་སྐད་ཡིག་གི་ཐོག་ཏུ་ཡོད་པ་དང་། དེ་དག་རྒྱུན་འཛིན་བྱེད་པར་སྐད་ཡིག་མ་ཤེས་ཐབས་མེད་ཡིན་པས་སྐད་ཡིག་བདག་གཅེས་དགོས་པ་གལ་ཆེན་ཡིན་ཚུལ་སོགས་དྲི་བ་དྲིས་ལན་གྱི་ལམ་ནས་གོ་བསྡུར་གནང་ཡོད་པ་རེད།

མཇུག་ཏུ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་བོད་ཡིག་སྡེ་ཚན་གྱི་འགན་འཛིན་རྒན་ཆོས་རྒྱལ་བཀྲིས་ཀྱིས་ཐུགས་རྗེ་ཆེ་ཞུ་དང་འབྲེལ་མཛད་སྒོ་མཇུག་སྡོམ་གནང་གནང་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༢༩༡ ཀློག་གྲངས།