རྙིང་ཞེན་མཁྲེགས་འཛིན་པ་ཚོས་བུད་མེད་ལྷ་ཁང་ནང་དུ་འགྲོ་བཅུག་མི་འདུག

རྒྱ་གར་གྱི་རྙིང་ཞེན་མཁྲེགས་འཛིན་པ་སྐྱེས་པ་མང་པོ་ཞིག་དང་བུད་མེད་ཚོས། ཟླ་མཚན་འབབ་པར་ལོ་ན་སོན་པའི་བུད་མེད་འགྲོ་མི་ཆོག་སའི་ལྷ་ཁང་ཞིག་ནང་། བུད་མེད་མང་པོར་རྡུང་རྡེག་བཏང་ཏེ་ནང་དུ་འགྲོ་མ་བཅུག་པ་མ་ཟད། ཉེན་རྟོག་པ་དང་གསར་འགོད་པ་ཚོར་ཡང་འཚེ་བ་བྱས་འདུག

ཟླ་༡༠ པའི་ཚེས་༡༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དེ་ཡང་ཟླ་བ་སྔོན་མར་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས། རྒྱ་གར་ལྷོ་ཕྱོགས་ཀེ་རི་ལཱ་མངའ་སྡེའི་ནང་གི་ཧིན་རྡུ་ཆོས་ལུགས་ཀྱི་ལྷ་ཁང་སཱ་བྷ་རེ་མཱ་ལཱ་ཞེས་པ་དེར། ཟླ་མཚན་འབབ་པར་ལོ་ན་སོན་པའི་བུད་མེད་ཚོ་འགྲོ་མི་ཆོག་པའི་གནའ་བོའི་ལུགས་སྲོལ་དེ་ནི། མི་སེར་ཚང་མར་ཆོས་བྱེད་པའི་ཐོབ་ཐང་གཅིག་མཚུངས་ལ་རྩིས་མེད་བཏང་བ་ཡིན་པས། བུད་མེད་རྣམས་འགྲོ་འཇུག་དགོས་པའི་ཐག་གཅོད་བྱས་ཟིན་ནའང་། ད་བར་བུད་མེད་གཅིག་ཀྱང་དེར་འགྲོ་ཐུབ་མེད་པ་རེད།

ཟླ་༡༠ པའི་ཚེས་༡༧ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་ཀྱི་རྗེས་སུ་ལྷ་ཁང་དེ་ཐེངས་དང་པོ་སྒོ་ཕྱེས་ཡོད་པས། ལྷ་ཁང་དེའི་ལམ་བར་དུ་སྐྱེས་པ་དང་བུད་མེད་ངོ་རྒོལ་བ་མང་པོ་ཞིག་གིས། ལྷ་ཁང་ནང་དུ་འགྲོ་ཐབས་བྱེད་མཁན་བུད་མེད་ཁག་གི་རླངས་འཁོར་ལ་རྡོ་གཞུས་པ་དང་། ཉེན་རྟོག་པ་དང་གསར་འགོད་པར་ཡང་འཚེ་བ་བྱས་པས། ཆོས་ཞུ་བ་བུད་མེད་རྣམས་ཕྱིར་ལོག་དགོས་པ་ཆགས་འདུག ངོ་རྒོལ་བ་བུད་མེད་ཁག་ཅིག་གིས་ལྷ་ཁང་ལ་བསྐྱོད་པའི་ལམ་ཁར་རླངས་འཁོར་འགྲོ་མཁན་རྣམས་བཀག་ནས། ཟླ་མཚན་འབབ་པར་ལོ་ན་སོན་པའི་བུད་མེད་ཡོད་མེད་རྩད་གཅོད་བྱས་ནས། བུད་མེད་ལོ་ན་༡༠ ནས་༥༠ བར་བཀག་འགོག་བྱས་འདུག

རྒྱ་གར་ནང་གི་ཧིན་རྡུ་ལྷ་ཁང་མང་པོ་ཞིག་ནང་། ཟླ་མཚན་འབབ་བཞིན་པའི་བུད་མེད་རྣམས་འགྲོ་འཇུག་གི་མེད་ཀྱང་། ཀེ་རི་ལཱའི་ལྷ་ཁང་དེའི་ནང་ཟླ་མཚན་འབབ་པར་ལོ་ན་སོན་པའི་བུད་མེད་ཚང་མ་ཟླ་མཚན་འབབ་དུས་ཡིན་མིན་ལ་མ་ལྟོས་པར་བཀག་འགོག་བྱེད་ཀྱི་ཡོད་འདུག རྒྱ་གར་ནང་བུད་མེད་ལ་དབྱེ་འབྱེད་ཀྱི་བྱེད་ལས་དེར་ངོ་རྒོལ་ལས་འགུལ་ཁྱབ་ཆེན་བྱུང་ནས། བུད་མེད་རྣམས་ལ་ཁྲིམས་ཐོག་ནས་རྒྱལ་ཁབ་ཐོབ་ཡོད་ཀྱང་། ལག་ལེན་བསྟར་བར་རྙིང་ཞེན་མཁྲེགས་འཛིན་པ་སྐྱེས་པ་ཚོས་བཀག་འགོག་བྱེད་བཞིན་ཡོད་ཁར། ཁོང་ཚོར་རྒྱབ་སྐྱོར་བྱེད་མཁན་བུད་མེད་མང་པོ་ཞིག་ཀྱང་ཡོད་འདུག བཀག་འགོག་དེར་རྒྱབ་སྐྱོར་བ་ཚོས་བུད་མེད་ལ་བཀག་འགོག་གི་ལམ་ལུགས་དེ་ལོ་ངོ་བརྒྱ་ཕྲག་མང་པོ་ནས་གནས་ཡོད་པས། ད་ལྟའི་ཆར་འགྱུར་བ་གཏོང་དགོས་དོན་མེད་སྐོར་བརྗོད་བཞིན་འདུག

ཟླ་༡༠ པའི་ཚེས་༡༨ ཉིན་ལྷ་ཁང་གི་ལམ་བར་དུ་ཉེན་རྟོག་པ་མང་པོ་འགྲེམས་འཇོག་བྱས་ཏེ་ངོ་རྒོལ་བ་རྣམས་འཛིན་བཟུང་བྱེད་ཐབས་བྱེད་བཞིན་འདུག་པ་དང་། བུད་མེད་གསར་འགོད་པ་གཉིས་ལྷ་ཁང་དུ་བསྐྱོད་བཞིན་པའི་སྐབས་ངོ་རྒོལ་བ་དང་འཕྲད་ནས་ཕྱིར་ལོག་བྱེད་དགོས་བྱུང་འདུག

ད་བར་རྒྱ་གར་ནང་ཁྲིམས་ཐོག་ནས་ལྷ་ཁང་ནང་དུ་བུད་མེད་འགྲོ་ཆོག་པའི་ཐག་གཅོད་གསུམ་བྱུང་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༤༢༦ ཀློག་གྲངས།