ཊོམ་གྱིས་རྒྱ་ནག་ལ་གནོད་སྐྱེལ་ཆེད་ཀྱི་ཐབས་ལམ་གསར་པ་ཞིག་ལག་བསྟར་བྱེད་འཆར་འདུག

ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨ་རྒྱ་གཉིས་བར་གྱི་ཚོང་དམག་ཁྲོད། རྒྱ་ནག་ལ་གནོད་པ་སྐྱེལ་ཆེད་དུ་རྒྱལ་སྤྱིའི་སྦྲག་ཟམ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་འཆར་འདུག་པ་དང་། དེ་ཡང་རྒྱ་ནག་གཙོས་པའི་རྒྱལ་ཁབ་མང་པོར་རྒྱལ་སྤྱིའི་ནང་ཅ་དངོས་སྦྲག་ཟམ་བརྒྱུད་བསྐུར་བར་རིན་གོང་ཆུང་ཆུང་ཡིན་པ་དེ་འགྱུར་བ་གཏོང་ཆེད་ཡིན་འདུག

ཟླ་༡༠ པའི་ཚེས་༡༨ ཉིན་ཧོང་ཀོང་གི་ལྷོ་རྒྱ་ནག་ཞོགས་འཕྲིན་སྟེང་གནས་ཚུལ་བཀོད་གསལ། ཊོམ་སྲིད་གཞུང་གིས་རྒྱལ་སྤྱིའི་སྦྲག་ཟམ་མཐུན་ཚོགས་ཀྱིས་སྒྲིག་གཞིའི་མ་ལག་ནང་སྐྱོན་ཆ་ཡོད་པའི་རྐྱེན་གྱིས། རྒྱ་ནག་ལྟ་བུའི་རྒྱལ་ཁབ་རྣམས་ཀྱིས་རིན་གོང་ཆུང་ཆུང་ཐོག་རྒྱལ་སྤྱིའི་ནང་ཅ་དངོས་བསྐུར་ཐུབ་ཀྱི་ཡོད་པས། སྐྱོན་ཆ་དེ་ལེགས་བཅོས་མ་བྱས་ཚེ། ཨ་རིས་རྒྱལ་ཁབ་༡༩༢ ཡོད་པའི་མཐུན་ཚོགས་དེ་ལས་ཕྱིར་འཐེན་བྱས་ཏེ། ཨ་རིའི་ནང་ཅ་དངོས་བསྐུར་སྐབས་རིན་གོང་གི་ཚད་གཞི་གསར་པ་བཟོ་རྒྱུ་ཡིན་སྐོར་གྱི་གསལ་བསྒྲགས་བྱས་འདུག

རྒྱལ་སྤྱིའི་སྦྲག་ཟམ་མཐུན་ཚོགས་དེ་ནི་ཕྱི་ལོ་༡༨༧༤ ལོར་གསར་འཛུགས་བྱས་ཡོད་འདུག་པ་དང་། ད་ལྟའི་ཆར་མཉམ་འབྲེལ་རྒྱལ་ཁབ་ཀྱིས་འཛིན་སྐྱོང་བྱེད་ཀྱི་ཡོད་ཁར། སྦྲག་ཟམ་དང་འབྲེལ་བའི་སྒྲིག་འཛུགས་གསར་བཟོ་བྱེད་ཀྱི་ཡོད་པ་ལྟར། ཊོམ་སྲིད་གཞུང་གིས་ཡར་ཐོན་མིན་པའི་རྒྱལ་ཁབ་རྒྱ་ནག་ལྟ་བུར་རྒྱལ་སྤྱིའི་ནང་ཅ་དངོས་སྦྲག་ཟམ་བརྒྱུད་བསྐུར་བར་རིན་གོང་ཆུང་ཆུང་རྒྱག་གི་ཡོད་པས། ཨ་རིའི་ནང་རྒྱ་ནག་གི་ཅ་དངོས་འཁེངས་ནས་ཡོད་པ་དང་དེ་ལ་བརྟེན་ནས་ཨ་རིའི་ཚོང་ལས་མང་པོར་གྱོང་གུད་ཐེབས་བཞིན་ཡོད་སྐོར་བརྗོད་འདུག

རྒྱལ་སྤྱིའི་སྦྲག་ཟམ་མཐུན་ཚོགས་ཀྱི་སྒྲིག་འཛུགས་ནང་། གལ་ཏེ་ཚོགས་མི་རྒྱལ་ཁབ་ཅིག་ཕྱིར་འཐེན་བྱེད་འདོད་ཡོད་ཚེ། ཕྱིར་འཐེན་བྱེད་པའི་གསལ་བསྒྲགས་བྱས་རྗེས་ཀྱི་ལོ་གཅིག་གི་རྗེས་སུ་དངོས་སུ་ལག་བསྟར་བྱེད་ཆོག་པ་ཡིན་འདུག་པས། ཊོམ་སྲིད་གཞུང་གིས་འབྱུང་འགྱུར་གྱི་ལོ་གཅིག་རིང་། ཨ་རིས་རྒྱལ་སྤྱིའི་སྦྲག་ཟམ་མཐུན་ཚོགས་དང་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། གལ་ཏེ་བརྒྱུད་རིམ་དེའི་རིང་ཨ་རིའི་དགོས་འདུན་རྣམས་གྲུབ་ཐུབ་ཚེ། ཕྱིར་འཐེན་གྱི་གསལ་བསྒྲགས་ཕྱིར་བསྡུ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ཨ་རིའི་ནང་གི་ཚོང་ལས་སྡེ་ཚན་མང་པོ་ཞིག་གིས་ཊོམ་གྱི་ཐག་གཅོད་དེར་དགའ་བསུ་བྱས་འདུག་པ་དང་། རྒྱལ་སྤྱིའི་སྦྲག་ཟམ་མཐུན་ཚོགས་ཀྱིས་ཨ་རིའི་ཐག་གཅོད་དེར་སེམས་འཚབ་ཡོད་པས། ཨ་རིའི་འབྲེལ་ཡོད་ལས་བྱེད་དང་གྲོས་མོལ་བྱས་ཏེ། མཐུན་ཚོགས་དེས་ཚོགས་མི་ཚང་མར་ཕན་ཐོགས་ཐུབ་པ་ཡོང་ཐབས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༨༡༠ ཀློག་གྲངས།