གྲོས་ཚོགས་སྲིད་དོན་ཚོགས་པའི་ལམ་ལུགས་ཐོག་འགྲོ་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན།

འོས་བསྡུའི་ལས་རིམ་ཁྲོད་ཀྱི་ནང་ཁུལ་ཆོལ་ཁ་དང་ཤོག་ཁག་འཐེན་འཁྱེར་གྱི་གླེང་རྙོག་རིགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་མེད་སྐོར་དང་འབྲེལ་ནས་དོན་ཚན་༦ བསྒྲགས་སོང་།

ཟླ་འདིའི་ཕྱི་ཚེས་༡༨ ཉིན་གྱི་སྔ་དྲོ་དྷ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ལས་ཁུངས་སུ། ཉེ་ལམ་བོད་མི་མང་སྤྱི་འཐུས་སྐབས་༡༦པའི་གྲོས་ཚོགས་ཚོགས་ཐེངས་དྲུག་པའི་ཐོག འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་གཏན་འབེབས་གནང་བ་དང་འབྲེལ་བའི་སྐོར་ལ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གསར་འགོད་ལྷན་ཚོགས་ཞིག་བསྐོངས་སོང་།

དེ་ཡང་ཐོག་མར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུས་གསར་འགོད་ལྷན་ཚོགས་བསྐོངས་ཚོགས་གནང་བའི་དགོས་དམིགས་ཀྱི་ཐོག་གསུང་དོན་དུ། “ཉེ་བའི་ཆར་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་༦ པའི་ཐོག འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་སྐོར་ལ་བགྲོ་གླེང་དང་། མཐའ་མར་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་གཏན་འབེབས་གནང་བ་དེའི་སྐོར་ལ་རྣམ་པ་ཚོ་བརྒྱུད་ལམ་ཁག་གིས་ཀྱང་ཐུགས་སྣང་ཆེན་པོ་གནང་ནས། སྐབས་དེ་དུས་བཀའ་འདྲི་གནང་གི་ཡིན་གསུང་མཁན་མང་པོ་བྱུང་སོང་། ང་ཚོས་སྐབས་དེ་དུས་ག་རེ་ཞུས་པ་ཡིན་ཟེར་ན་དབུས་རྒྱུན་ལས་གཅིག་འཛོམས། དེ་ནས་གསལ་པོ་ཞུ་རྒྱུ་ཡིན་ཞེས། ཞུས་པ་གཞིར་བཟུང་དེ་རིང་ང་ཚོས་གསར་འགོད་ལྷན་ཚོགས་ཐོག་ལ་རྣམ་པ་ཚོར་ཞུ་ཡ་གཙོ་བོ་དེ། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ནང་ལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་བཅས་ནས་འོས་མི་བཏོན་པ་དང་། དྲིལ་བསྒྲགས་རིགས་བྱེད་ཆོག་གི་མ་རེད་ཅེས་གཏན་འབེབས་གནང་བ་དེའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོའི་སྤྱི་ཚོགས་སྒང་ལ་བགྲོ་གླེང་དང་། ལྷག་པར་དུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ཐོག་མར་བཙུགས་པའི་དམིགས་ཡུལ་ཁོ་རང་སྲིད་དོན་ཚོགས་པའི་ངོ་བོའི་ཐོག་ནས་བཙུགས་པ་དང་། བཙན་བྱོལ་བོད་མིིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་ནང་ག་རེ་གསལ་མིན་ལ་མ་ལྟོས་པར། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་འདི་ཡོངས་གྲགས་སུ་སྲིད་དོན་ཚོགས་པར་ང་ཚོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སྲིད་དོན་ཚོགས་པ་གཅིག་པུ་དེར་ངོས་འཛིན་ཞུ་ཡི་ཡོད་རེད་ལ། ལྷག་པར་དུ་༡༩༩༤ ལོར་ཐོག་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལ་བརྟེན་ནས་བཙུགས་པ་ནས་བཟུང་། ད་ལོ་༢༤ རིང་ལ་ཆབ་སྲིད་ཀྱི་ངོ་བོའི་ཐོག་ནས་སྐབས་༡༢ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྐབས་༡༦ བར་སྤྱི་འཐུས་སྐབས་ལྔའི་རིང་ཆོལ་ཁ་གསུམ་གྱི་སྤྱི་འཐུས་འོས་མི་བཏོན་ཡ་དང་། དེ་བཞིན་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་༢༠༠༡ དང་། ༢༠༠༦། ༢༠༡༡ དེ་བཞིན་༢༠༡༦ ལོའི་སྲིད་སྐྱོང་འོས་མི་བཅས་ད་ལྟ་བར་དུ་བཏོན་ཡོད་རེད། དེ་ཚོར་བརྟེན་ནས་དམིགས་བསལ་གྱིས་ཐུགས་སྣང་གནང་ནས་བགྲོ་གླེང་གནང་གི་འདུག ཁག་ཅིག་གིས་ཧ་ལམ་མ་སོང་ན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པར་ཧ་ཅང་གིས་གྱོང་རག་གི་ཡོད་པ་ལྟ་བུ། ད་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པར་གང་ཡང་བྱེད་རྒྱུ་ཡོད་མ་རེད་ཟེར་བཀའ་མོལ་གནང་མཁན་ཡང་འདུག དེ་ང་ཚོ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་དང་། ལས་བྱེད། ཚོགས་མི་ཉུང་ཤས་ཤིག་གི་གྱོང་གང་ཡང་མ་རེད། གྱོང་རག་གི་ཡོད་ན་བོད་སྤྱི་པའི་དོན་དག་ལ་རག་གི་ཡོད་རེད། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་ཐོག་ནས་ཕན་ཐོགས་ཤིག་བྱུང་ཡོད་པ་ཡིན་ན་བོད་སྤྱི་པར་ཕན་གྱི་ཡོད་རེད། དེའི་ཐོག་ལ་ང་ཚོས་དེ་རིང་གསལ་བཤད་ཞུ་རྒྱུའི་རྒྱུ་མཚན་གཙོ་བོ་དེ་ག་རེ་ཡིན་ཟེར་ན། གཅིག་དེ་གནད་འགག་དེ་ཚོའི་རྐྱེན་གྱིས་སྤྱི་ཚོགས་སྒང་ལ་བཀའ་མོལ་མང་པོ་ཡོང་བ་དང་། རྒྱལ་ཡོངས་མང་གཙོ་ཚོགས་པ་དང་འབྲེལ་བའི་གནད་ཡོད་མཛད་གཙོ་རེ་ཟུང་གིས་བརྒྱུད་ལམ་ཁག་ཏུ་བཀའ་མོལ་གསུང་ཕྱོགས་དེ་ཚོའི་རྐྱེན་པས། ང་ཚོས་དེ་རིང་གསར་འགོད་ལྷན་ཚོགས་འདི་བསྐོངས་ནས་རྣམ་པ་ཚོའི་མདུན་ལ་ང་ཚོའི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཐོག་མའི་བྱུང་རིམ་དང་། བར་དུ་ལས་འགུལ་ག་རེ་སྤེལ་བ། ད་ལྟའི་ངོས་འཛིན་ཞུ་ཕྱོགས་བཅས་ཀྱི་ཐོག་ལ་གསར་འགོད་གསལ་བསྒྲགས་ཡིག་ཐོག་ན་ཡོད་པ་དེ་སྒྲོག་བྱང་ཞུ་རྒྱུ་ཡིན་”ཞེས་གསུངས་སོང་།

གསར་འགོད་གསལ་བསྒྲགས་ནང་། ཐོག་མར་༧གོང་ས་མཆོག་ནས་ཕྱི་ལོ་༡༩༩༠ ལོའི་ཕྱི་ཟླ་༩ པའི་ཚེས་༣ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༢༡ པའི་ཚོགས་བཅར་བར་མང་གཙོའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལྟ་བ་འདྲ་མིན་ཡོད་པའི་ཚོགས་པ་ཟུར་འཛུགས་ཐུབ་མིན་གོ་བསྡུར་དགོས་པའི་བཀའ་སློབ་ཕེབས་རྗེས། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ནས་གཞོན་ལྷན་གྱི་དམིགས་ཡུལ་ལངས་ཕྱོགས་དང་མཐུན་པའི་རྒྱལ་ཡོངས་སྲིད་དོན་གྱི་ཚོགས་པ་ཞིག་འཛུག་རྒྱུ་གནང་ནས། ཕྱི་ལོ་༡༩༩༤ ལོའི་ཕྱི་ཟླ་༩ པའི་ཚེས་༢ ཉིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ཡོད་པ་དང་། སྐབས་དང་པོའི་རྒྱུན་ལས་གསར་འདེམས་རྣམས་ལ་༧གོང་ས་མཆོག་གིས་བསྩལ་བའི་བཀའ་སློབ་ཀྱི་སྐོར། དེ་བཞིན་འདས་པའི་ལོ་༢༤ རིང་ལ་སྲིད་དོན་ཚོགས་པའི་ངོ་བོའི་ཐོག་ནས་ཆོལ་ཁ་དང་། ཆོས་ལུགས། ཕོ་མོ། རྒན་གཞོན་བཅས་དབྱེད་མེད་ལས་གྲུབ་པའི་ཡན་ལག་ས་གནས་དང་འབྲེལ་མཐུད་པ་༣༨ ཡོད་པའི་སྒྲིག་འཛུགས་ཤིག་ཡིན་པ། སྒྲིག་འཛུགས་ཀྱིས་༧གོང་ས་མཆོག་གི་བཀའ་སློབ་ཀྱི་དགོངས་དོན་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོའི་གཞི་རྩའི་ལམ་སྟོན་གྱི་དོན་ཚན་གཉིས་པ་ནས་དྲུག་པའི་བར་གྱི་འབྲུ་དོན་ནང་གསལ་འགལ་མེད་ཐོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཐོག་མའི་དམིགས་ཡུལ་བཞིན་མི་མང་ལ་མང་གཙོའི་འཕེལ་རིམ་དང་འབྲེལ་བའི་གོ་རྟོགས་ལས་འགུལ་སོགས་ལས་འགུལ་གྱི་རྣམ་གྲངས་སྣ་ཚོགས་པ་སྤེལ་ཡོད་སྐོར། ལྷག་པར་སྤྱི་འཐུས་དང་། བཀའ་བློན་ཁྲི་པ། དེ་བཞིན་སྲིད་སྐྱོང་བཅས་ཀྱི་འོས་བསྡུའི་སྐབས་སུ་སྲིད་དོན་ཚོགས་པའི་ངོ་བོའི་ཐོག་ནས་འོས་མི་བཏོན་ཡོད་པ་དང་། དེ་དག་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནས་གདེང་འཇོག་ཆེན་པོའི་ངང་འོས་ཀྱི་རྒྱལ་ཐོབ་པ་མང་པོ་བྱུང་ཡོད་སྐོར་སོགས་འཁོད་འདུག་པ་མ་ཟད། ཕྱི་ལོ་༢༠༡༦ ལོའི་འོས་བསྡུའི་ལས་རིམ་ཁྲོད་ནང་ཁུལ་ཆོལ་ཁ་དང་ཤོག་ཁག་འཐེན་འཁྱེར་གྱིས་གླེང་རྙོག་རིགས་ལ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་འབྲེལ་བ་རྩ་བ་ནས་མེད་པའི་ཐོག་དོན་ཚན་༦ བསྒྲགས་སོང་བའི་ནང་།

༡) འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་མཛད་གཙོ་རེ་ཟུང་གིས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་མིང་ཟུར་འདོན་གྱིས་འགྲེལ་བརྗོད་གནང་སྟངས་ལས་སྤྱི་ཚོགས་ནང་གོ་བ་ལྡོག་ཕྱོགས་སུ་འགྲོ་ཉེན་ཆེ་བས་འབྱུང་རིམ་གསལ་བཤད་ཞུ་དགོས་དོན་དེ་ལྟར་ཡིན།

༢) སྐབས་༡༦ པའི་གྲོས་ཚོགས་ཚོགས་ཐེངས་༦ པའི་ཐོག་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིར། ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་དང་། ཆོས་བརྒྱུད་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་བཅས་ཀྱིས་སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་གཞི་འདོན་པ་དང་། རྒྱབ་གཉེར་གསལ་བསྒྲགས་རིགས་བྱེད་མི་ཆོག་ཅེས་གཏན་འབེབས་གནང་བ་དེར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ད་ལྟའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གུས་བརྩི་ཞུ་ཡི་ཡོད།

༣) ད་རེས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་གནང་དགོས་དོན་ཡང་ཕྱི་ལོ་༢༠༡༦ ལོའི་སྲིད་སྤྱིའི་འོས་བསྡུའི་སྐབས་སུ་བོད་མིའི་སྤྱི་ཚོགས་ནང་ཕན་ཚུན་ཆོལ་ཁ་དང་། ཤོག་ཁག་འཐེན་འཁྱེར་གྱི་རྣམ་པ་ཤུགས་ཆེར་བྱུང་བས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་ཧ་ཅང་ཐུགས་ཕམ་ཆེན་པོས་བཀའ་སློབ་ཕེབས་དགོས་བྱུང་བ་ལས་ལྷག་པ་གང་ཡང་མེད་ཅིང་། ཤོག་ཁག་འཐེན་འཁྱེར་དང་། དེ་ལྟར་ཐུགས་ཕམ་གྱི་བཀའ་སློབ་ཕེབས་དགོས་བྱུང་ཡོད་པའི་རྒྱུ་རྐྱེན་དེ་དག་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་འོས་མི་བཏོན་པ་ལ་བརྟེན་ནས་བྱུང་བ་མ་ཡིན་པ་ཕྱི་གསལ་ནང་གསལ་ཡིན།

༤) སྲིད་སྤྱིའི་འོས་བསྡུའི་སྐབས་ནང་ཁུལ་གླེང་རྙོག་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་སྲིད་སྐྱོང་འོས་མི་བཞེངས་མཁན་ཚོས་བཀའ་སློབ་གནང་སྟངས་དང་། རྒྱབ་སྐྱོར་བྱེད་མཁན་རེ་ཟུང་གིས་ཡ་རབས་སྤྱོད་བཟང་ཀྱི་རྒྱ་ལས་འགལ་བའི་རྒྱབ་སྐྱོར་དྲིལ་བསྒྲགས་བྱེད་སྟངས། རྒྱ་དམར་གྱིས་བཟོས་པའི་སྐད་འཕྲིན་(wechat)གཙོ་བོར་གྱུར་པའི་སྤྱི་ཚོགས་དྲ་རྒྱའི་བརྒྱུད་ལམ་ཐོག་ནས་འོས་བསྡུའི་བརྒྱུད་རིམ་གླེང་རྙོག་དེ་དག་བྱུང་བ་དངོས་གསལ་ཡོངས་གྲགས་ཆགས་ཡོད།

༥) བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཐོག་མའི་དམིགས་ཡུལ་བཞིན་མི་མང་ལ་མང་གཅོའི་འཕེལ་རིམ་དང་། ལྷག་པར་སྲིད་དོན་ཚོགས་པ་ཡོད་པའི་དགེ་མཚན་ཇི་ཡོད་ཀྱི་གོ་རྟོགས་ལས་འགུལ། གཞོན་སྐྱེས་ཚོར་ཟབ་སྦྱོང་གོ་སྒྲིག དེ་བཞིན་བོད་དོན་བདེན་མཐའ་གསལ་ཐབས་ཆེད་སྐད་འབོད་དང་ཞུ་གཏུགས་ལས་འགུལ་སོགས་མུ་མཐུད་སྔར་ལྷག་རྒྱུན་འཁྱོངས་བྱེད་རྒྱུ་ཡིན།

༦ རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་ལེའུ་དང་པོའི་གཞི་རྩའི་ལམ་སྟོན་དོན་ཚན་བཞི་པ། བོད་མིའི་སྒྲིག་འཛུགས་ཀྱི་རྩ་དོན་ནང་གསལ་དང་། ལྷག་པར་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་རེ་བཞིན་‘སྲིད་དོན་གྱི་ཚོགས་པ་བཙུགས་པ་འདིས་མ་འོངས་པའི་དམིགས་ཡུལ་རླབས་ཆེན་པོ་ཞིག་བསྒྲུབ་རྒྱུའི་དོན་ལ་ཞབས་འདེགས་ངེས་ཅན་བསྒྲུབས་པ་རེད་སྙམ་པ་དྲན་གྱི་འདུག’ ཅེས་བཀའ་སློབ་ཕེབས་དོན་བཞིན་སྲིད་དོན་ཚོགས་པ་མེེད་པའི་ད་ཡོད་གྲོས་ཚོགས་ཀྱི་ལམ་ལུགས་འདི་བཞིན་སྲིད་དོན་ཚོགས་པ་རང་བཞིན་ལྡན་པའི་ལམ་ལུགས་ཐོག་འགྲོ་རྒྱུའི་ཆེད། ཁྲིམས་འཆར་གྲོས་ཚོགས་ནང་སླེབས་ཐབས་གནང་དགོས་རྒྱུའི་འབད་བརྩོན་མུ་མཐུད་བྱེད་རྒྱུ་དང་། མ་འོངས་པར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་འོས་བསྡུའི་ལས་རིམ་སྐབས་སུ་ཆ་ཤས་ལེན་ཕྱོགས་ཚོགས་པའི་སྒྲིག་གཞི་ནང་གསལ་བཞིན་འཚོགས་ལ་ཉེ་བའི་སྤྱི་ལོ་༢༠༡༩ ལོའི་ཚོགས་ཆེན་བརྒྱད་པའི་ཐོག་ནས་ཐག་གཅོད་གནང་རྒྱུ་ཡིན་པ་བཅས། ཞེས་འཁོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༢༡༥ ཀློག་གྲངས།