རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་གཞི་༢༠༠༩ ནས་བཟུང་དམའ་ཤོས་བྱུང་འདུག

ཨ་རི་དང་མཉམ་དུ་ཚོང་དམག་རྒྱག་པ་ལ་བརྟེན་ནས་འབྱུང་འགྱུར་ཟླ་ངོ་ཁ་ཤས་རིང་གི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ལ་ཤུགས་རྐྱེན་ཐེབས་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད་འདུག

བྷི་བྷི་སི་གསར་ཁང་དུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༩ ཉིན་རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་བདུན་པ་དང་། བརྒྱད་པ། དགུ་པ་བཅས་ཟླ་ངོ་གསུམ་རིང་གི་ཁོ་རང་ཚོའི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་གཞི་དེ་བརྒྱ་ཆ་༦.༥ ཡིན་པར་བརྗོད་ཡོད་འདུག་ཅིང་། དེ་ནི་ཕྱི་ལོ་༢༠༠༩ ལོའི་ཐོག་མའི་ཟླ་ངོ་གསུམ་གྱི་རྗེས་ནས་བཟུང་། ད་བར་དུ་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་གཞི་དམའ་ཤོས་སུ་མར་ལྷུང་བ་ཞིག་ཡིན་འདུག་པ་དང་། འདི་ལོའི་ཕྱི་ཟླ་བཞི་པ་དང་། ལྔ་པ། དྲུག་པ་གསུམ་ནང་གི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་གཞི་བརྒྱ་ཆ་༦.༧ ཡིན་འདུག

དེ་སྔོན་རོའུ་ཊར་གསར་ཁང་གི་དཔྱད་ཞིབ་པས་འདི་ལོའི་ཕྱི་ཟླ་བདུན་པ་དང་། བརྒྱད་པ། དགུ་པ་བཅས་འདས་པའི་ཟླ་ངོ་གསུམ་རིང་གི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་གཞི་བརྒྱ་ཆ་༦.༦ ལ་མར་ལྷུང་རྒྱུའི་སྔོན་དཔག་བྱས་ཡོད་འདུག་ཀྱང་། སྔོན་དཔག་ལས་ཀྱང་བརྒྱ་ཆ་༠.༡ གིས་སྐྱོ་བ་བྱུང་ནས། འདས་མ་ཐག་པའི་ཟླ་ངོ་གསུམ་རིང་གི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་གཞི་༦.༥ ལ་མར་ལྷུང་སྟེ། ཕྱི་ལོ་༢༠༠༩ ལོའི་ཐོག་མའི་ཟླ་གསུམ་གྱི་རྗེས་ནས་བཟུང་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་གཞི་དམའ་པོ་འདི་འདྲ་བྱུང་མེད་པ་རེད་འདུག

ད་ལྟའི་ཆར་རྒྱ་ནག་བུ་ལོན་ནང་ཤུགས་ཆེན་པོ་འཐིམས་པ་དང་། ཨ་རི་མཉམ་དུ་ཚོང་དམག་ཤུགས་ཆེ་རུ་བཏང་བ་སོགས་ཀྱིས་མཚོན་པའི་རྒྱ་ནག་ལ་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ནས། འདས་པའི་ཟླ་ངོ་ཁ་ཤས་ནས་དེ་སེལ་ཐབས་སུ་འབད་བརྩོན་བྱེད་མུས་ཡིན་འདུག་པ་མ་ཟད། ཨ་རི་དང་མཉམ་དུ་ཚོང་དམག་རྒྱག་པ་ལ་བརྟེན་ནས་འབྱུང་འགྱུར་ཟླ་ངོ་ཁ་ཤས་རིང་གི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ལ་ཤུགས་རྐྱེན་ཐེབས་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད་པ་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༨༡༡ ཀློག་གྲངས།