ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་ཁྲོམ་སྐོར།

ཟླ་འདིའི་ཚེས་༡༨ ཉིན་ཡུ་རོབ་རྒྱལ་ཁབ་སྦེལ་རྗམ་གྱི་རྒྱལ་སའི་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་ཁང་དུ། ཨེ་ཤ་ཡ་དང་ཡུ་རོབ་དབར་གྱི་ཆབ་སྲིད་དང་བདེ་འཇགས། དཔལ་འབྱོར། སྤྱི་ཚོགས་བཅས་ལ་དམིགས་པའི་ཚོགས་ཆེན་ཐེངས་༡༢ པ་ཉིན་གཉིས་རིང་འཚོགས་ཡོད་པ་དང་། སྐབས་དེར་བོད་མི་དང་ཡུ་གུར་བ། ལྷོ་སོག་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་མཁན་གྱི་ས་གནས་ཡུལ་མི་བཅས་ཀྱིས་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།

ཚོགས་ཆེན་དེའི་ཐོག་རྒྱ་ནག་གི་སྲིད་བློན་ལེ་ཁེ་ཆཱང་མཉམ་ཞུགས་བྱས་ཡོད་པས། ངོ་རྒོལ་ལས་འགུལ་དེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། རྒྱལ་ཚོགས་སུ་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་མང་གི་ཚོགས་པ། རྒྱལ་སྤྱིའི་ཡུ་གུར་མང་གཙོ་ཚོགས་པ། ལྷོ་སོག་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་བཅས་ཀྱིས་གོ་སྒྲིག་བྱས་ཡོད་པ་རེད། སྐབས་དེར་རྒྱ་ནག་གི་སྲིད་བློན་གཙོས་པའི་རྒྱ་ནག་གི་སྐུ་ཚབ་རྣམས་ལ་ངོ་རྒོལ་དང་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་མི་སྣ་རྣམས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱི་དང་སྒོས་སུ་གྲངས་ཉུང་མི་རིགས་ཀྱི་རང་དབང་དང་འབྲེལ་རྒྱ་ནག་གི་སྐུ་ཚབ་དང་རྒྱ་གཞུང་ལ་གནོན་ཤུགས་ནན་པོ་སྤྲོད་དགོས་པའི་འབོད་སྐུལ་གནང་འདུག

ལས་འགུལ་ཐོག་མཉམ་ཞུགས་བ་ཡུ་རོབ་གྲོས་ཚོགས་འཐུས་མི་དང་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐའོ་མ་སི་མན་(Thomas Mann) གྱིས་ང་ཚོས་བོད་དང་ཡུ་གུར། སོག་པོ་བཅས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། བློ་ཕམ་པ་ཞིག་ལ་རྒྱ་ནག་གཞུང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཆིག་སྒྲིག་ཞེས་པའི་མིང་བྱང་འོག་བོད་མི་དང་ཡུ་གུར་བ། སོག་པོ་བཅས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྣམས་བརྩི་མེད་རྡོག་རོལ་གཏོང་བཞིན་འདུག  ལྷག་པར་དུ་བོད་མིའི་ཐུན་མོང་མ་ཡིན་པའི་ངོ་བོ་རྩ་མེད་གཏང་རྒྱུར་འབད་བརྩོན་ཆེན་པོ་བྱེད་ཀྱི་འདུག  ང་ཚོས་དུས་རྒྱུན་དུ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ལྷག་དོན་དུ་རྒྱ་ནག་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་ཁོང་གི་སྐུ་ཚབ་ལྷན་དུ་ཞི་བ་དང་དོན་ཕན་ལྡན་པའི་གྲོས་མོལ་གནང་དགོས་པར་འབོད་སྐུལ་ཞུ་བཞིན་ཡོད། ཁྲིམས་ལུགས་གང་འདྲ་ཞིག་གསར་བཟོ་བྱས་ཚེ་དེས་བོད་ཀྱི་རང་བྱུང་ཁོར་ཡུག་དང་མི་མང་གི་འཚོ་རྟེན་དང་དཔལ་འབྱོར། དེ་བཞིན་རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་བཅས་ལ་དོ་ཕོགས་མ་ཐེབས་པ་ཞིག་བཟོ་དགོས་གལ་ཆེན་ཡིན་སྐོར་ཡང་ཡང་བརྗོད་བཞིན་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་མཐུན་ཚོགས་ཀྱི་ཉམས་ཞིབ་འགན་འཛིན་ཝེན་སིན་ཊི་  མེ་ཏྲེན་(Vincent Metten) ཀྱིས་རྒྱ་ནག་གི་དྲག་པོའི་སྲིད་བྱུས་འོག་རང་དབང་དང་ཐོབ་ཐང་གང་ཡང་མེད་པར་དཀའ་སྡུག་མྱོང་བཞིན་པའི་རྒྱལ་ཁབ་རྣམས་མཉམ་རུབ་ཐོག་ནས་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་ཨེ་ཤ་ཡ་དང་ཡུ་རོབ་དབར་གྱི་ལྷན་ཚོགས་སྐབས་སུ་ཚོང་དོན་སྐོར་གླེང་བ་ལས། འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་གི་མེད་སྟབས། ང་ཚོའི་ངོས་ནས་གོ་སྐབས་དམ་འཛིན་ཐོག་ལྷན་ཚོགས་དེ་དག་ཐོག་འགྲོ་བ་མིའི་ཐོབ་ཐང་གླེང་དགོས་པར་ཞུ་སྐུལ་གནང་དགོས་པ་མ་ཟད། ལྷན་ཚོགས་འདིའི་ཐོག་རྒྱ་ནག་གི་སྲིད་བློན་སླེབས་ཡོད་སྟབས་ཞུ་སྐུལ་དང་སྐད་འབོད་གནང་རྒྱུ་དེ་བས་ཀྱང་གནད་ཆེ་བ་རེད་ཅེས་གསུངས་འདུག

དེ་བཞིན་UNPO ཚོགས་པའི་ཞུ་གཏུགས་འགན་འཛིན་གྱིས། ནོར་འཁྲུལ་གང་ཡང་མེད་པར་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་འོག་དཀའ་སྡུག་མྱོང་བཞིན་པའི་མི་སེར་རྣམས་ཀྱི་བདེ་སྡུག་གླེང་རྒྱུའི་འོས་འགན་འདི་ཡུ་རོབ་མཐུན་ཚོགས་དང་དེའི་ཚོགས་མི་རྒྱལ་ཁབ་རྣམས་ལ་ཡོད་སྟབས། ཡུ་རོབ་མཐུན་ཚོགས་དང་རྒྱལ་ཚོགས་ཀྱི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་དག་གལ་ཆེན་པོ་ཞིག་ཏུ་ངོས་འཛིན་ཐོག་རྒྱ་ནག་གཞུང་དང་རྒྱ་ནག་གི་སྐུ་ཚབ་རྣམ་པར་དེ་འབྲེལ་འདྲི་རྩད་དང་གླེང་སློང་གནང་རྒྱུ་གལ་ཆེ་སྐོར་གསུངས་ཡོད་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༧༩༠ ཀློག་གྲངས།