བོད་ཀྱི་ཁོར་ཡུག་གི་ཉམ་ཉེས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༢༡   ཕྱི་ལོ་ ༢༠༡༨/༡༠ /༡༧

སྤྱིར་འཛམ་གླིང་གི་ས་ཕྱོགས་གང་སར་ད་ལྟའི་དུས་འདིར་སྐྱེ་ཁམས་ཁོར་ཡུག་གི་སྐོར་གང་སར་གལ་ཆེན་དོན་ཆེན་བྱས་ནས་གླེང་བྱ་ཞིག་ཏུ་གྱུར་ཡོད་པ་དང་། དེའི་ཆེད་དུ་འབད་བརྩོན་བྱེད་པའི་རྣམ་པའང་ཕྱོགས་གང་ས་རུ་མངོན་བཞིན་ཡོད། མཐོ་སྒང་བོད་ཀྱི་ཁོར་ཡུག་ནི་འཛམ་གླིང་གི་གོ་ལ་ཧྲིལ་པོ་དང་འབྲེལ་བ་ཡོད་ཚུལ་གླེང་མཁན་ཡོད་པ་བཞིན་ཕྱོགས་གཅིག་ནས་བལྟས་ན་དེ་ལ་རྒྱུ་མཚན་མེད་པའང་གཏན་ནས་མིན། ལྷག་པར་དུ་རྒྱ་དཀར་ནག་གཉིས་སོགས་བོད་ཀྱི་ཆུ་བོ་ཆེན་པོ་དག་གི་འབབ་རྒྱུན་ལ་མཚོན་ན། བོད་ཀྱི་ཁོར་ཡུག་ནི་ཡུལ་གྲུ་དེ་དག་གི་སྲོག་རྩ་ཉག་གཅིག་ཏུ་གྱུར་ཡོད། ལོ་འདིར་ཡར་ཆབ་གཙང་པོ་རྒྱས་ནས་ཨ་རུ་ན་ཅལ་ཕྱོགས་སོགས་ལ་ཉེན་ཁ་ཡོད་ཚུལ་གྱི་གླེང་ཕྱོགས་ཆེན་པོ་སླེབས་པ་དང་། ཉེ་ཆར་རི་ཉུལ་བའི་དོན་རྐྱེན་ལ་བརྟེན་ནས་འབྲི་ཆུ་ཉིན་ཤས་འགག་པའི་དོན་རྐྱེན་འདི་ཡང་ཧ་ཅང་ཛ་དྲག་ཅན་གྱི་གནས་ཚུལ་ཞིག་ཏུ་གྱུར་ཡོད། དེང་སྐབས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་འཇོ་མདའ་རྫོང་གི་ས་ཆར་བྱུང་བའི་དོན་རྐྱེན་འདི་ནི། མ་འོངས་པར་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པའི་སྔོན་བརྡ་ཞིག་ཏུ་ངོས་འཛིན་བྱེད་ཆོག

རྩ་བས་དེང་སྐབས་དུས་ཚིགས་ཀྱི་ཆ་ནས་སྟོན་མཇུག་ཡིན་པས་རི་ཉུལ་བའི་དོན་རྐྱེན་དེ་རྒྱུན་ལྡན་ཞིག་གཏན་ནས་མིན་པ་དང་། དེ་ཡང་འབྲི་ཆུ་འགོག་ཐུབ་པའི་རི་ཉུལ་བ་ནི་དེ་བས་ཀྱང་དངངས་འཚབ་སྐྱེ་དགོས་པ་ཞིག་རེད། དབྱར་ཆར་ཆུ་ཆེ་བའི་དུས་ཚོད་ལ་རི་ཉིལ་སྲིད་ཀྱང་། དེ་དང་མི་འདྲ་བར་སྟོན་མཇུག་དེ་ལྟར་བྱུང་བའི་རྒྱུ་རྐྱེན་གཙོ་ཆེ་ཤོས་ཤིང་ནགས་གཅོད་འབྲེག་དང་། གཏེར་ཁ་སྔོག་འདོན་སོགས་ཁོར་ཡུག་གཏོར་བཤིག་མང་པོ་བཏང་བ་ལ་བརྟེན་ནས་བྱུང་བ་ནི་སྨྲོས་མི་དགོས་པ་རེད། ད་ལོ་འབྲི་ཆུ་འགག་ཡུལ་དེ་ནས་མུ་མཐུད་ཆུ་རྒྱུད་དུ་བོད་ཀྱི་ས་ཁུལ་མང་པོ་ཡོད་པ་དང་། བོད་ས་རྫོགས་ནས་རྒྱ་ནག་གི་ས་ཆ་ཡང་མང་པོ་ཞིག་ཚུད་ཡོད། གནས་སྐབས་དོན་རྐྱེན་དེ་ལ་བརྟེན་ནས་མཇུག་འབྲས་ཛ་དྲག་པོ་དེ་ཙམ་མ་བྱུང་ནའང་། མ་འོངས་པར་འདི་ལྟ་བུ་ལ་བརྟེན་ནས་དཀའ་ངལ་ཆེན་པོ་འཕྲད་སྲིད་པ་དང་། འབྲི་ཆུ་ནི་ཆུ་མགོ་ནས་རིང་ཚད་སྤྱི་ལེ་༦༣༠༠ (Κιλομετρεσ)ཙམ་བརྒྱུད་མཐར་ཤར་རྒྱ་མཚོར་འབབ་ཀྱི་ཡོད་པས་འཛམ་གླིང་གི་གཙང་པོ་ཆེ་ཤོས་ཨང་གསུམ་དང་། རྒྱ་ནག་ཏུ་རྒྱུག་པའི་གཙང་པོ་ཆེ་ཤོས་ཨང་དང་པོ་རུ་ངོས་འཛིན་བྱེད་བཞིན་ཡོད།

མ་འོངས་པ་དབྱར་དུས་ཆར་ཞོད་ཆེ་བའི་སྐབས་སུ་རི་ཉིལ་ནས་འབྲི་ཆུ་བསྐྱར་དུ་འགག་པ་ཡིན་ནའང་། འགྲོ་བ་མི་དང་སྲོག་ལྡན་ཡོངས་ལ་སྐྱི་གཡའ་བའི་ཉེན་ཁ་ཆེན་པོ་ཞིག་འབྱུང་ངེས་པ་དང་། ད་དུང་རྒྱ་གཞུང་གི་ལྷོ་ཆུ་བྱང་འདྲེན་གྱི་ལས་གཞི་དང་། གཙང་པོ་བཀག་བསྐྱིལ་སོགས་ཧམ་སེམས་དང་འབྲེལ་བའི་ལས་དོན་མང་པོ་ཞིག་འགྲོ་བཞིན་ཡོད་སྟབས། ཆེད་དུ་རང་བྱུང་ཁམས་ལ་གནོད་འཚེ་ཙམ་དུ་མ་ཟད། འགྲོ་བ་མི་དང་སྲོག་ལྡན་ཡོངས་ལ་ཚད་མེད་པའི་གནོད་འཚེ་ཉག་གཅིག་ཏུ་གྱུར་ཡོད། གནས་སྐབས་ཀྱི་ཁེ་ཕན་ཙམ་གཙོ་གཉེར་བྱེད་པའི་རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་ལ་ཕངས་སེམས་མ་བྱས་པར། ཤིང་ནགས་གཅོད་འབྲེག་དང་གཏེར་ཁ་སྔོག་འདོན་བྱས་ནས་རྒྱ་ནག་ལ་དབོར་འདྲེན་བྱེད་པ་ནི། དོན་གྱིས་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་བཏང་བའི་རྒྱུ་མཚན་ལ་བརྟེན་ནས་བོད་པ་ཁོ་ན་ལས་གནོད་འཚེ་མེད་པ་མིན་ལ། དེ་ལ་བརྟེན་ནས་རྒྱ་རིགས་ཀྱིས་གཙོས་པས་མི་མང་པོ་ལ་གནོད་འཚེ་ཕོག་པའི་དཀའ་ངལ་ཆེན་པོ་ཞིག་མ་འོངས་པར་ཡོང་ངེས་པ་དང་། ཡོང་བཞིན་པ་ནི་རྒྱ་གཞུང་གི་ངོས་ནས་ཀྱང་གསལ་པོ་རྟོགས་དགོས་པ་ཞིག་རེད།

མཁས་པ་མང་པོ་ཞིག་གིས་མ་འོངས་པར་ཆུ་དཀོན་པའི་གནས་སྟངས་ལ་བརྟེན་ནས་དམག་འཁྲུགས་ཡོང་སྲིད་པར་ཚོད་དཔག་དང་འགྲེལ་བརྗོད་བྱེད་བཞིན་ཡོད་པ་དང་། ཆུ་མགོ་གངས་ལ་ཐུག་ཡོད་པའི་བོད་ཀྱི་གཙང་ཆུ་དག མ་འོངས་པར་འཛམ་གླིང་སྤྱི་དང་བྱེ་བྲག་ཨེ་ཤི་ཡའི་ས་ཁུལ་མང་པོ་ཞིག་གི་གཅེས་ནོར་དུ་འགྱུར་སྲིད་ཚུལ་བརྗོད་བཞིན་ཡོད། གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་རང་བཞིན་གྱིས་བཤད་དཀའ་བའི་གནས་ཚུལ་མང་པོ་ཡོང་བཞིན་པ་ནི། འཛམ་གླིང་ཤར་ནུབ་གང་སར་འབྱུང་བཞིན་པའི་དཀའ་ངལ་ཞིག་ཡིན་པ་དང་། ས་ཆ་ཁ་ཤས་ལ་ཆར་ཆུ་དཀོན་པའི་དཀའ་ངལ་བརྟེན་ནས་སྟོན་ཐོག་སྐྱེ་མི་ཐུབ་པ་དང་། ཐན་པ་ལ་བརྟེན་ནས་ཤིང་ནགས་ལ་མེ་སྐྱོན་ཤོར་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད། ས་ཆ་ཁ་ཤས་ལ་ཆར་ཆུ་མང་དྲགས་ནས་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། ལོ་འདིར་ང་ཚོའི་གནས་ཚང་རྒྱ་གར་ལའང་དཀའ་ངལ་ཧ་ཅང་མང་པོ་འཕྲད་སོང་། དེར་བརྟེན་ཁོར་ཡུག་གི་གནས་སྟངས་ནི་སྣང་ཆུང་དུ་གཏོང་མི་རུང་བའི་གནད་དོན་ཞིག་ཡིན་པ་དེ་ད་ལྟ་འཛམ་གླིང་སྤྱི་ཡོངས་ཀྱི་ངོས་འཛིན་བྱེད་བཞིན་པའི་དུས་ཚོད་ཅིག་རེད།

མདོར་ན་རྒྱ་གཞུང་གིས་ཁ་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་དྲིལ་བསྒྲགས་འདི་རྒྱ་ཆེན་པོ་བྱེད་ཁུལ་ཡང་། དོན་དུ་དེ་ལས་ཟློག་སྟེ་བོད་ཀྱི་ཁོར་ཡུག་ལ་གཏོར་གཏོང་བཞིན་ཡོད་པ་དང་། བོད་ནང་གི་ས་གནས་གང་སར་གཏེར་ཁ་སྔོག་འདོན་ལ་བརྟེན་ནས་ད་ལྟའི་ཆར་མི་དང་དུད་འགྲོ་སོགས་ལ་གནོན་ཚབས་ཆེན་པོ་ཕོག་བཞིན་ཡོད། འོན་ཀྱང་རྒྱ་གཞུང་ལྟ་བུ་མི་ཁ་ཤས་ཀྱིས་མཛུབ་མོའི་གར་བསྟན་ཤར་བྱེད་མཁན་གྱི་སྲིད་གཞུང་ཞིག་ལ་མཚོན་ན་མི་མང་གི་བསམ་ཚུལ་དང་མི་མང་གི་བདེ་སྡུག་ནི་གོ་གནས་དང་འགན་དབང་གང་དང་ཡང་འབྲེལ་བ་མེད་པས། དེ་ལ་དོ་སྣང་དང་འབད་བརྩོན་བྱེད་མི་སྲིད་པ་ལྟ་བུར་གྱུར་ཡོད་ཀྱང་། བོད་པ་གཙོ་བོར་གྱུར་པའི་མི་མང་གི་ངོས་ནས་ད་ལན་རི་ཉིལ་ནས་འབྲི་ཆུ་འགག་པའི་གནས་ཚུལ་འདི་ལྟ་བུ་དེ། རང་བྱུང་འབྱུང་བའི་གནོད་འཚེ་ཙམ་ཞིག་ཏུ་ངོས་འཛིན་བྱེད་མི་རུང་བར། དེ་ནི་ཆེད་དུ་རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་བཏང་བ་ལ་བརྟེན་ནས་བྱུང་བའི་དོན་རྐྱེན་ཞིག་ཡིན་སྟབས། རང་བྱུང་གི་གནོད་འཚེ་ཙམ་ཞིག་ད་ལྟའང་མིན་ལ་མ་འོངས་པར་ཡང་གཏན་ནས་ཡིན་མི་སྲིད་ཅེས་བརྗོད་ཆོག།

Share this:
༦༧༦ ཀློག་གྲངས།