འབུམ་རམས་པ་བློ་བཟང་སེང་གེ་བཀའ་ཁྲིར་བདམས་ན་རྒྱ་ནག་ལ་བརྡ་ལན་ཆེན་པོ་གསུམ་སྤྲོད་ཀྱི་ཡོད།

ལར་རང་ངོས་ནས་མང་མང་དང་ཉུང་ཉུང་། ང་ན་ལྟ་བ་དང་ལངས་ཕྱོགས་ཀྱི་ཆ་ནས་ཡིད་མོས་བྱེད་མཁན་དང་མི་བྱེད་མཁན་ཚང་མའི་སྔུན་ནས་དགའ་ངོ་ཡག་ངོ་མེད་པར་ཚིག་ཐག་ཆོད་པོས་༼ངའི་འོས་ཤོག་ནི་མཁས་དབང་བློ་བཟང་སེང་གེར་འཕེན་རྒྱུ་ཡིན་༽ཞེས་སུའི་དབུགས་ཐོག་གཅིག་ལ་ཤོད་ཀྱི་ཡོད།
སུས་འཇོན་དང་མི་འཇོན་ཟེར་བ་དེ་མཐའ་གཅིག་ཏུ་བཤད་ཚོད་མི་ཐིག་ལ་ཉམས་མྱོང་གི་རམ་འདེགས་དགོས་པ་དེ་ཡང་གནས་ལུགས་མེད་པ་ཞིག་མ་རེད་མོད། ངས་ལྟས་ན་མཁས་དབང་བློ་བཟང་སེང་གེ་ནི་ཤེས་ཚད་དང་སྤོབས་པ་ལ་རྒྱལ་སྤྱིའི་ཚད་གཞི་ཡོད་པ་དང་། དཔལ་དུ་འབར་བའི་སྐྱེས་སྟོབས་ཀྱི་གཟི་བརྗིད་ཀྱིས་ཀྱང་མི་རྣམས་ཀྱི་མིག་ཡིད་ལ་བག་ཆགས་བཟང་པོ་འཇོག་ཐུབ་པའི་གཞོན་སྐྱེས་ཡར་ཐོན་ཅན་གྱི་མཚོན་དཔེ་ཨང་དང་པོ་དེ་རེད།

ངའི་བསམ་ཚུལ་ནོར་མེད་ན། གལ་ཆེ་བ་ཞིག་ལ་མཁས་དབང་བློ་བཟང་སེང་གེ་ཁོང་བཀའ་བློན་ཁྲི་པར་ཕེབས་པ་ཡིན་ན་བོད་ཀྱི་རྩ་དོན་ཐོག་རྒྱལ་སྤྱི་དང་རྒྱ་ནག་གཞུང་ལ་བརྡ་ལན་ཆེན་པོ་གསུམ་སྤྲོད་ཀྱི་ཡོད་དེ།

༼གཅིག
ཕྱི་ལོགས་སུ་ཡོད་པའི་བོད་པའི་མི་རབས་གསར་པའི་ཁྲོད་ན་ཨ་རིའི་ཧ་ཝར་ཊི་གཙུག་ལག་སློབ་གྲྭ་ཆེན་མོ་ལས་ཁྲིམས་ལུགས་ཀྱི་སློབ་སྦྱོང་ཐོན་པའི་མཁས་པ། དེང་དུས་ཀྱི་ཤེས་ཡོན་ཚད་དུ་ལོངས་པའི་འཇོན་ཐང་ཅན་བཀའ་བློན་ཁྲི་པའི་ལས་ཁུར་ལ་བརྩོན་ལེན་བྱེད་མཁན་ཡོད་པ་དེས་བོད་ཀྱི་མི་རབས་གསར་བའི་སྐྱེས་སྟོབས་མཚོན་ཞིང་།། དེས་༸གོང་ས་མཆོག་སྐུ་མི་བཞུགས་པའི་སྐབས་བོད་དོན་འཐབ་རྩོད་མེད་པར་མི་འགྱུར་བ་དང་། རྡ་སའི་སྲིད་གཞུང་དེ་རྙིང་ཧྲུལ་གོག་ཟད་ཅིག་ཏུ་གྱུར་མེད་པ་དེ་ཤེས་སུ་འཇུག 

༼གཉིས།
བོད་ཀྱི་གནའ་བོའི་ཁྱིམ་རྒྱུད་ཆེན་མོར་གཏོགས་པ་མ་ཡིན་པའི་མིང་མེད་པའི་མི་ཚང་དཀྱུས་མ་བལ་གོས་བཙོང་མཁན་ཞིག་གི་ཕྲུ་གུས། རང་ཉིད་སློབ་སྦྱོང་གི་ཐེམ་པ་རིམ་གྱིས་འཛེགས་ནས་བླ་ན་མེད་པའི་དབང་གྲགས་ཀྱི་མཚན་རྟགས་བཀའ་བློན་ཁྲི་པར་བརྩོན་ལེན་བྱས་ཤིང་རྒྱལ་ཁ་ཐོབ་པ་དེས་བོད་ཀྱི་བཀས་བཀོད་བརྒྱུད་འཛིན་ལམ་ལུགས་དེ་ངེས་པ་དོན་གྱི་ཐོག་ནས་མཇུག་སྒྲིལ་ཟིན་པ་དང་། ། བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ལྟེ་བ་དེ་ཡང་དག་པའི་མང་གཙོའི་ཕྱོགས་སུ་ཡོངས་སུ་བསྐྱོད་ཟིན་པ་ཤེས་སུ་འཇུག
༼གསུམ།
བོད་ཕྱི་ལོགས་ཀྱི་མི་མང་དག་ཀྱང་བླུན་པོ་ཆུ་སྣ་གར་ཁྲིད་ཀྱིས་རྨོངས་ཞེན་གཡམ་རྒྱུག་བྱ་མཁན་དང་། རྡ་སའི་གཞུང་དང་འབྲེལ་བ་མེད་པའི་ཐག་ཞོར་འབྲེང་དྲུང་དུ་སོང་བའི་ལྟས་དབང་གི་ཡུལ་གྱར་བ་ཞིག་མ་ཡིན་པར་རང་ཉིད་ཀྱི་དབུ་ཁྲིད་འདེམས་པའི་དུས་དང་མཐུན་པའི་རྣམ་དཔྱོད་གྱི་བློ་མིག་དང་འགན་འཁྲིའི་འདུ་ཤེས་གསལ་བོ་ཡོད་པའི་སྤྱི་ཚོགས་ཀྱི་དཔུང་སྡེ་ཆེན་པོ་ཞིག་སྟེ། ། མི་མང་གི་གོ་རྟོགས་དང་སྤུས་ཚད། གོང་བུའི་ནུས་པ་བཅས་མཚོན་ཞིང་། བོད་དོན་འཐབ་རྩོད་དེ་མུན་ནག་གི་སྤྱི་ཚོགས་སུ་ཕྱིར་ལོག་བྱེད་པའི་འཐབ་རྩོད་ཅིག་མིན་པ་ཤེས་སུ་འཇུག

དེས་ན་རྡར་ངན་སྣུམ་བྱུག་བྱས་པའི་བཀའ་ཟུར་བགྲེས་པོ་ཞིག་གམ། ཡང་ན་སྤྱིར་བཏང་གི་འཇོན་ཐང་ཙམ་ཡོད་པའི་མི་སུ་འདྲ་ཞིག་ཡིན་ཀྱང་ཁོང་མི་དོ་བར་མ་ཟད།  ཁོང་ལ་རྒྱལ་ཁ་ཐོབ་དང་མི་ཐོབ་ནི་ངེས་པར་དུ་གཞོན་རབས་པའི་ཡར་ཐོན་ཆེ་བའི་བསམ་བློའི་རྒྱལ་ཕམ་གྱི་མཚོན་རྟགས་ཤིག་ཏུའང་འགྱུར་གྱི་ཡོད།
མ་མཐའ་ཡང་ཁོང་ནི་འཛམ་གླིང་གི་སྟོང་ལོ་གསར་བའི་ནང་གི་མི་མང་གི་དགའ་བསུ་ཚད་འཐོ་ཤོས་ཐོབ་པའི་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་བཟོ་གྲྭ་གཅིག་ནས་ཐོན་པའི་ཅ་དངོས་རེད།། ངས་མ་མཐའ་ཡང་འདི་ལྟར་འགྲེལ་བཤད་རྒྱག་ངེས།
༸གོང་ས་མཆོག་གིས་ཀྱང་ཡར་ཐོན་ཅན་གྱི་སྐྱེས་བུ་ཁོང་ལྟ་བུ་ཉུང་ཉུང་ཡིན་པའི་ཐུགས་ཕམ་གྱི་གསུང་བཤད་དེ་༼བོད་ཁྱིམ་གྱི་བཀའ་སློབ་༽ཕེབས་པ་ཡིན་ཞིང་།
༸གོང་ས་མཆོག་གི་ཐུགས་ཚོར་ནི་འཇིག་རྟེན་གྱི་ལུགས་སུ་བྱས་ན་རྒྱ་ནག་སོགས་ནས་དུས་ཕྱིས་ནུབ་ཕྱོགས་སུ་ཕྱིན་པ་དག་གི་ནང་དུ་ཡང་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་ཏུ་འགན་ཁུར་ཐུབ་པའི་མཁས་དབང་མང་པོ་གཟིགས་པའི་ཉེར་ལེན་ལ་རྟེན་ནས་བྱུང་ཞིང་།
། བཀའ་སློབ་འདི་ལས་ང་ཚོས་ང་ཚོ་ལ་ཁོང་ལྟ་བུའི་མི་དེ་ཅི་ཙམ་གལ་ཆེན་པོ་ཡིན་པའི་དགོངས་གཞི་དེ་རྟོགས་ཐུབ།  ང་ཚོ་དྲན་པ་རྣལ་དུ་གནས་ན་འདངས་རྒྱག་ཅིག་ཅིས་ཀྱང་མི་རན་ནམ།
ད་དུང་མཁས་དབང་བློ་བཟང་སེང་གེ་ལྟ་བུའི་གསོན་ཤུགས་དཔལ་དུ་འབར་བའི་ན་གཞོན་ཞིག་བཀའ་ཁྲིར་སླེབས་ན་དེང་དུས་བོད་ནང་གི་མི་རབས་གསར་བའི་ན་གཞོན་གྱི་རུ་དཔུང་དག་གིས་ཀྱང་ཆོས་ལུགས་དང་དད་མོས་ཀྱི་འདུ་ཤེས་གཙོ་བོར་བཟུང་པའི་མི་རབས་རྒན་པ་དག་གི་བོད་དོན་གྱི་གོ་བ་ལེན་སྟངས་དང་ཅུང་མི་འདྲ་བར་ཤེས་རྟོགས་དང་འདུ་ཤེས་གསར་བའི་ཁྲོད་ཀྱི་བསམ་བློར་ཡིད་ཆེས་དང་ས
ྤོབས་པའི་གསང་བརྡ་གཞན་ཞིག་ཐོབ་རྒྱུ་ཡིན་ཞིང་། ཁོང་ཚོ་ནི་འདོད་པ་ཡོད་མིན་ལ་མ་ལྟོས་པར་ང་ཚོའི་བོད་ཕྱི་མ་དག་གི་ངོ་གདོང་ངོ་མ་དེར་འགྱུར་གྱི་རེད།

མཐར་བནྡེ་ངས་ཞུ་འདོད་པ་དེ། ང་ཚོས་དོན་ཆེན་འགག་ལ་ཐུག་དུས་༼བོད་མིའི་སྐྱིད་སྡུག་ཉམས་མྱོང་༽གི་གཤིན་པོའི་ཁ་ཆེམས་དང་གསོན་པོའི་རེ་བཞག་མ་བརྗེད་པའི་དོན་དམ་པའི་གཅིག་སྒྲིལ་ཞིག་བྱེད་དགོས། ང་ཚོས་སྤྱི་ཆུས་གསེར་ནག་གི་ཕ་བོང་ལ་རང་འདོད་དུག་ནག་གི་རྟ་རེ་རྩ་བ་གནས་གཡུག་མི་རུང་། ལར་ང་ཡང་མེ་མདའ་དང་ལྕག་སྒྲོག་གི་བར་ནས་ཀྱང་བོད་ཀྱི་ལས་དབང་འདིའི་ཆེད་མགྱོད་པ་མེད་པའི་བསམ་ཚུལ་ཁ་ལ་བཏོན་པ་ཞིག་ཡིན་ན་ཡང་།
དེང་གི་སྤྱི་ཚོགས་འདིར་ཕན་པ་མེད་པ་སྐད་ཆ་མང་པོ་ཞིག་བཤད་འདོད་ཀྱི་སྤྲོས་པ་རིམ་གྱིས་ཉུང་ངུར་ཕྱིན་ཟིན་མོད། ད་ཐེངས་ཀྱི་འོས་བསྡུ་འདི་ནི་འདོམ་གང་གིས་འཆུག་ན་བང་གང་གིས་མི་སླེབས་པའི་གནད་འགག་གི་མཚམས་སུ་ཡོད་ཅིང་།
ཆབ་སྲིད་རང་འདོད་ཀྱི་སྐད་ཆ་ཡ་ང་བ་དག་གིས་,,བཻཌུརྱའི་བུམ་པ་རྡོ་ལ་བརྡབས་ན་’’གཏན་ནས་མི་རུང་བས་ན་ངས་ཀྱང་བོད་མི་དཀྱུས་མ་ཞིག་གི་ངོས་ནས།
། བློ་གཅིག་སེམས་གཅིག་དང་ཁ་ཞེ་གཉིས་མེད།
ལྷག་བསམ་ཟོལ་མེད་བཅས་ཀྱིས་ཞུ་འབོད་བྱེད་རྒྱུ་ཡིན་པས་ཕྱོགས་ཞེན་གྱི་བག་ཆགས་འཐུག་པོ་ཡོངས་སུ་དོར་ནས་ང་དང་མཉམ་དུ་ང་ཚོའི་སྐྱེས་སྟོབས་དཔལ་དུ་འབར་བའི་བཀའ་ཁྲི་དེ་འདེམ་རོགས།  ཁྱེད་ཀྱིས་རང་གི་རྣམ་དཔྱོད་བེད་སྤྱོད་བྱེད་པའི་རང་ཚུགས་ཀྱི་གཤིིས་ཀ་མ་འདོར་རོགས།
གཅེས་པར་འོས་པའི་འབྱུང་འགྱུར་གྱི་བཀའ་ཁྲི་དེ་མ་ནོར་བ་གནང་རོགས། གལ་ཏེ་ཐེངས་འདིའི་བཀའ་བློན་ཁྲི་བ་དེར་བློ་བཟང་སེང་གེ་འདེམས་ཐོན་མ་བྱུང་ན་གུས་པའི་ངོས་ནས་རྡ་སའི་སྲིད་གཞུང་འདིར་གཞི་བྱེས་མཉམ་འཛོམས་གྱི་ཆོད་སེམས་གཏན་པོ་ཡོད་པའི་བཙན་བྱོལ་གྱི་སྤྱི་ཚོགས་ཤིག་ཏུ་ངོས་འཛིན་བྱ་དཀའ་ཞིང་།
དེ་ལས་ལྡོག་སྟེ། མང་པོ་ཞིག་གི་འཆར་སྣང་དང་དགྲ་བོའི་གླེང་ཕྱོགས་བཞིན། བོད་ནང་གི་བློ་སྟོབས་ཆེ་བའི་དཔའ་བོ་གླེན་པ་དག་དར་ཆར་བཟུང་ནས། རྒྱལ་སྤྱིའི་བོད་དོན་རོགས་སྐྱོར་གྱི་ཟས་གོས་ཀྱིས་ཉི་མ་སྐྱེལ་བའི་སྡིངས་ཆ་གཞན་ཞིག་ཏུ་ངོས་འཛིན་བྱེད་མི་སྲིད་པའང་གཏན་ནས་མིན།
འདི་ནི་ངའི་མཐའ་མཇུག་གི་ཐ་ཚིག་དམར་པོ་དེ་ཡིན། ངའི་སེམས་གྱི་བཀའ་ཁྲི། མི་རབས་གསར་བའི་ཡར་ཐོན་གྱི་མིག་དཔེ། བོད་ཀྱི་ཨོ་བྷ་མ། ཨ་མའི་བུ་བློ་བཟང་སེང་གེ་རྒྱལ་བར་གྱུར་ཅིག བོད་རྒྱལ་ལོ། །

Share this:
༤༡ ཀློག་གྲངས།