དྷ་སྟེང་བོད་ཁྱིམ་དབུ་བརྙེས་ནས་ལོ་ངོ་༥༨ འཁོར་བའི་དུས་ཆེན།

བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་སྐད་དང་ཡི་གེ་ཤེས་དགོས་རྒྱུ་དེ་འཛམ་གླིང་གི་སྐད་ཡིག་ཚང་མ་ཤེས་པ་ལས་ཀྱང་གལ་ཆེ་གི་རེད་ཅེས་སི་ཏུ་རིན་པོ་ཆེས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༢༣ ཉིན་གྱི་སྔ་དྲོར་དྷ་སྟེང་བོད་ཁྱིམ་དབུ་བརྙེས་ནས་ལོ་ངོ་༥༧ འཁོར་བའི་དུས་དྲན་སྲུང་བརྩི་དང་སྦྲགས་རྒྱ་གར་གཞུང་མང་ལ་གཉིས་ལ་ཐུགས་རྗེེ་ཆེ་ཞུའི་མཛད་སྒོ་ཞིག་སློབ་གྲྭ་དེ་གར་འཚོགས་སོང་ཞིང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་༧བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་དང་། དམིགས་བསལ་སྐུ་མགྲོན་སྲིད་སྐྱོང་བློ་བཟང་སེང་གེ། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་བཅས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་སྦྱིན་བདག་རྣམས་དང་སྐུ་མགྲོན་རྣམ་པ།  སློབ་ཕྲུག་རྣམས་དང་དྷ་སའི་ཁུལ་གྱི་སེར་སྐྱ་མང་ཚོགས་བཅས་འཛོམས་འདུག

མཛད་སྒོའི་ཐོག་མར་སློབ་ཕྲུག་རྣམས་ཀྱིས་རུ་སྒྲིག་དང་བོད་རྒྱལ་ཁབ་ཀྱི་ཆེད་དུ་གཅེས་པའི་ལུས་སྲོག་བློས་གཏོང་གནང་མཁན་རྣམས་ལ་རྗེས་དྲན་གུས་འདུད་དང་ཧིན་བོད་གཉིས་ཀྱི་རྒྱལ་གླུ་བླངས་གྲུབ་མཚམས་སུ། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་རྡོ་རྗེས་ལས་བསྡོམས་སྙན་སྒྲོན་ཞུས་སོང་ཞིང་། སྐབས་དེར་ཁོང་གིས་ད་ལྟའི་ཆར་བོད་ཁྱིམ་གྱི་གསོ་སྐྱོང་འོག་གཞི་རིམ་སློབ་མ་དང་། མཐོ་རིམ་སློབ་མ་སོགས་ཁྱོན་སློབ་མ་༡༠༩༤༤ ཡོད་པ་དང་། འདས་པའི་ལོ་གཅིག་གི་རིང་ལ་སློབ་མ་༡༠༩༣  གསར་དུ་སློབ་འཇུག་བྱས་ཡོད་པ། སློབ་གྲྭ་ནས་ཕྱིར་ཐོན་མཁན་༡༠༤༣ བྱུང་བའི་ཁོངས་ནས་འཛིན་གྲྭ་༡༢ ཐོན་མཁན་༥༦༦ དང་། ཕྱི་རྒྱལ་ཡུལ་གྲུ་ཁག་དང་། བོད་ལ་ལོག་མཁན། དགོན་སྡེ་ཁག་ལ་ཞུགས་མཁན་༤༧༧ བྱུང་ཡོད་འདུག ད་ལྟའི་ཆར་བོད་ཁྱིམ་ཁག་ནང་ཁྱོན་ལས་བྱེད་༡༢༩༨ དང་། དེའི་ནང་ནས་གཏན་འཇགས་ལས་བྱེད་༡༠༨༥ དང་ཆོད་གན་ལས་བྱེད་༢༤༣ ཡོད་འདུག འདས་མ་ཐག་པའི་ལོ་གཅིག་ནང་ལས་བྱེད་༥༢ གསར་དུ་བསྐོ་བཞག་བྱས་ཡོད་པ་དང་། ལས་བྱེད་རྩ་དགོངས་ཞུ་མཁན་༩༨ དང་བགྲེས་ཡོལ་ལ་ཕེབས་མཁན་༡༥། འདས་གྲོངས་སུ་གྱུར་པ་༣ བཅས་བྱུང་ཡོད་འདུག གཞན་ཡང་ཁོང་གིས་འདས་པའི་ལོ་གཅིག་ནང་དུ་བོད་ཁྱིམ་འཛིན་རིམ་བཅུ་གཉིས་སློབ་ཁག་ནས་སེ་ལ་ཀུ་དང་ སུ་ཇཱ། བྷེལ་ཀོབ་བོད་ཁྱིམ་གསུམ་གྱི་རྒྱུགས་འཕྲོད་བརྒྱ་ཆ་༡༠༠ སོན་ཡོད་པ་དང་། སློབ་མ་ཁག་ཅིག་ལ་དགའ་ལྡན་ཕོ་བྲང་གི་གཟེངས་རྟགས་ཐོབ་ཡོད་སྐོར། རྒྱུན་དུ་རིགས་ལམ་སྦྱོང་བརྡར་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ལས་འགུལ། ཟུར་སྦྱོང་རིག་གནས་སོགས་ཤེས་ཡོན་སློབ་གསོའི་ལས་དོན་གྱི་སྐོར་ལ་འབད་མུས་ཡིན་སྐོར་སོགས་གསུངས་སོང་།

གཞན་ཡང་ཁོང་གིས་འདས་པའི་ལོ་གཅིག་ནང་དགའ་སྤོབས་བྱེད་དགོས་པའི་གནད་དོན་ཁག་ཅིག་ཡོད་སྐོར་གསུངས་སོང་བའི་ནང་། བཀའ་ཟུར་རྗེ་བཙུན་པད་མ་ལ་རྒྱ་གར་དབུས་གཞུང་བུད་མེད་དང་བྱིས་པའི་ནུས་སྟོབས་གོང་སྤེལ་ལྷན་ཁང་ནས་ཕྱི་ལོ་༢༠༡༧ ལོའི་བུད་མེད་གཟེངས་སུ་ཐོན་པའི་གཟེངས་རྟགས་དེ་འདི་ལོའི་ཕྱི་ཟླ་༣ པའི་ཚེས་༨ ཉིན་རྒྱ་གར་སྲིད་འཛིན་ཕོ་བྲང་ནང་དུ་འབུལ་བཞེས་གནང་ཡོད་པ་དང་། དེ་བཞིན་བོད་ཁྱིམ་གྱི་སློབ་ཟུར་འབུམ་རམས་པ་པདྨ་དབྱངས་ཅན་ཤེས་རིག་བཀའ་བློན་དུ་འདེམས་ཐོན་བྱུང་ཡོད་པ་དང་། དེ་ནི་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་ཡོངས་ནས་བཀའ་བློན་གྱི་འགན་བཞེས་མཁན་ཆེས་ཐོག་མ་དེ་ཡིན་སྐོར། གཞན་ཡང་བོད་ཁྱིམ་གྱི་སློབ་གྲྭ་ཁག་ཅིག་སློབ་སྦྱོང་དང་ལག་ཤེས་ཀྱི་ཐོག་ནས་རྒྱ་གར་ཁྱོན་ཡོངས་ནས་གཟེངས་སུ་ཐོན་པ་བྱུང་ཡོད་པ་དང་། དེ་བཞིན་རྒྱ་གར་རྒྱལ་ཡོངས་ནས་གློག་བརྙན་སྒྲིག་སྦྱོར་བ་རྩེ་ཕུད་ཀྱི་གཟེངས་རྟགས་བོད་ཁྱིམ་སློབ་ཟུར་བསྟན་འཛིན་སྐུ་མཆོག་ལ་ཐོབ་པ་བཅས་སོགས་རེད་འདུག

དེ་རྗེས་མཛད་སྒོའི་དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་གསུང་བཤད་གནང་བའི་ནང་། བོད་ཁྱིམ་སློབ་ཕྲུག་ཟུར་པའི་ཁྲོད་ནས་བཀའ་བློན་ཆེས་ཐོག་མར་གནང་མཁན་དེ་བཀའ་ཤག་སྐབས་༡༥ པའི་ནང་པདྨ་དབྱངས་ཅན་ལགས་ཕེབས་པ་དེ་ཡིན་པ་དང་། ཁོང་བཀའ་བློན་གྱི་ཞབས་སྟེགས་སུ་ཕེབས་རྗེས་སུ་བཀའ་ཤག་ནང་གི་བཀའ་བསྡུར་སྤྱི་དང་། དམིགས་བསལ་ཤེེས་རིག་གི་ཐོག་ལ་གང་ཅིའི་ཐད་ནས་ཡར་རྒྱས་འགྲོ་བཞིན་ཡོད་སྐོར། ཁོང་ལ་མིག་དཔེ་བལྟས་ནས་བོད་ཁྱིམ་གྱི་སློབ་མ་རྣམས་མ་འོངས་པར་བཀའ་བློན་དང་སྲིད་སྐྱོང་གནང་དུ་ཕེབས་དགོས་སྐོར། དེ་རིང་གི་མཛད་སྒོ་དེ་རྒྱ་གར་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་ཡིན་པ་དང་། དེ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གལ་ཆེན་པོ་བརྩི་དགོས་དོན་ནི། བོད་དང་བོད་མི་ལ་རྒྱ་གར་གཞུང་མང་གཉིས་ལས་ལྷག་བཀའ་དྲིན་ཆེ་བ་རྒྱལ་ཁབ་གཞན་གང་ཡང་མེད་སྟབས་ཡིན་པ་དང་། རྒྱ་གར་རྒྱལ་ཡོངས་སུ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་བ་ལ་བརྟེན་ནས་རྒྱ་གར་གྱི་འགོ་ཁྲིད་རྣམས་ལ་སེམས་འགུལ་ཐེབས་ཀྱི་ཡོད་སྐོར། གཞན་ཡང་ཁོང་གིས་ཇིའུ་མི་རིགས་ཀྱི་འདས་པའི་གནས་སྟངས་དང་འབྲེལ་ནས་བོད་མི་རྣམས་ཀྱིས་བོད་ཀྱི་རྩ་དོན་ཐོག་འབད་འབུངས་བྱ་གལ་ཆེ་སྐོར་སོགས་ཞིབ་ཕྲར་གསུངས་སོང་།

དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་གནང་བའི་ནང་། ཕྲུ་གུའི་ཕ་མ་ཚོས་སོ་སོའི་བུ་ཕྲུག་གི་ཤེས་ཡོན་དང་འཕྲོད་བསྟེན། ཀུན་སྤྱོད། སྤྱི་ཚོགས་ལ་འགན་འཁུར་སོགས་ཀྱི་ཐད་རྒྱུན་དུ་ནས་ཐུགས་སྣང་གནང་སྟེ། སློབ་གྲྭའི་དགེ་ལས་ཡོངས་ལ་ཕྱར་གྲུ་མཉམ་འདེགས་བྱེད་ཐུབ་ཚེ། དེས་བོད་གངས་ཅན་པའི་སོན་རྩ་བོད་ཕྲུག་རྣམས་སྤུས་ཚད་ལྡན་པ་ཡོང་བར་ཕན་རླབས་ཆེ་སྐོར་དང་། དེ་བཞིན་ཁོང་གིས་“གཞན་ཡང་འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ཕན་ཆད་ཀྱི་སློབ་ཕྲུག་གི་གྲངས་འབོར་དང་། ད་ལྟའི་གྲངས་འབོར་གཉིས་བསྡུར་ན་བོད་རིགས་སློབ་མ་ཧ་ཅང་ཉུང་དུ་ཕྱིན་པའི་རྣམ་པ་གསལ་པོ་མཐོང་རྒྱུ་ཡོད་སྟབས། འདིའི་ཐད་བོད་ཁྱིམ་གྱི་འབྲེལ་ཡོད་རྣམས་དང་། ཤེས་རིག་ལས་ཁུངས་བཅས་ཀྱིས་ལྷན་དུ་གོ་བསྡུར་གྱིས་ཤེས་ཡོན་སྡེ་ཚན་དེར་འཐུས་ཤོར་མི་འགྲོ་བའི་སླད་གང་ཐུབ་ཅི་ཐུབ་ཀྱིས་དགོངས་པ་བསྐྱར་ནན་བཞེས་རྒྱུ་དང་། དེ་བཞིན་དགེ་རྒན་དང་ལས་བྱེད་རྣམ་པར་མཐུན་རྐྱེན་གང་ལེགས་སྦྱོར་རྒྱུའི་ཐད་ལའང་སྤྱི་མཚུངས་ཐག་གཅོད་ཡོང་ཐབས་གནང་དགོས་”ཞེས་སོགས་གསུངས་སོང་།

དེ་ནས་མཛད་སྒོའི་སྐུ་མགྲོན་གཙོ་བོ་༧བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེས་བོད་ཀྱི་སྐད་ཡིག་དང་འབྲེལ་ནས་གསུང་དོན། “ང་རང་ཚོ་བོད་ཀྱི་སྐད་དང་ཡི་གེ་འདི་འཛམ་བུ་གླིང་ལ་ཕན་ཐོགས་པའི་སྐད་དང་ཡི་གེ་ཞིག་རེད། དེ་ཡིན་པ་དེ་ང་ཚོས་ཤེས་དགོས་པ་དེ་ཧ་ཅང་གིས་གལ་ཆེན་པོ་རེད། འཛམ་བུ་གླིང་ལ་སྐད་རིགས་བརྒྱ་ཕྲག་མང་པོ་དང་། སྟོང་ཕྲག་མང་པོ་ཡོད་རེད། དེའི་ནང་ནས་ཡི་གེ་ཡོད་པ་ཡང་སྟོང་ཕྲག་མང་པོ་ཡོད་རེད། ཡིན་ན་ཡང་། ང་ཚོ་བོད་ཡིག་གི་ཐོག་ནས་སྤྱིར་བཏང་གི་སྡེབ་སྦྱོར་ཆ་ཚང་དང་། དེའི་ནང་ནས་ཤིན་ཏུ་ཟབ་པ་དམ་པའི་ཆོས་ཀྱི་སྡེབ་སྦྱོར་ཐ་སྙད་དེ་ཚོ་སུ་ལའང་མེད་པ་ཞིག་ང་ཚོ་བོད་སྐད་ཀྱི་ཐོག་ལ་ཡོད་རེད་”ཅེས་དང་། དེ་བཞིན་ཁོང་གིས་“བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་སྐད་དང་ཡི་གེ་ཤེས་དགོས་རྒྱུ་དེ་འཛམ་གླིང་གི་སྐད་ཡིག་ཚང་མ་ཤེས་པ་ལས་ཀྱང་གལ་ཆེ་གི་རེད། བོད་པས་བོད་སྐད་དང་བོད་ཡིག་མ་ཤེས་པ་ཡིན་ན། བོད་ནང་པ་སངས་རྒྱས་པའི་ཆོས། བོད་ཀྱི་རིག་གཞུང་། བོད་ཀྱི་མ་འོངས་པ། གང་ས་ཅི་ཐད་ཀྱི་ཐོག་ནས་ཞབས་འདེགས་ཡང་དག་པ་ཞིག་སྒྲུབ་ཐུབ་པའི་ཆ་རྐྱེན་མ་ཚང་བ་རེད། གང་ལ་གང་འཚམས་ཐུབ་ཀྱི་རེད་དེ། ཆ་རྐྱེན་གལ་ཆེ་ཤོས་དེ་མ་ཚང་བ་རེད། དེ་འདྲ་ཡིན་དུས། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ། ང་རང་ཚོའི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་རྒྱལ་བ་ཐམས་ཅད་མཁྱེན་པའི་བཀའ་དྲིན་ལ་བརྟེན་ནས་ཁོང་གི་ཐུགས་རྗེའི་གྲིབ་བསིལ་གྱི་འོག་ནས་ཁྱེད་རང་ཚོར་ལ་འདི་འདྲའིི་སློབ་གྲྭ། དེའི་ནང་ལ་རྩ་བ་དེ་བོད་ཡིག་དང་བོད་སྐད་ཀྱི་ཐོག་ལ་ཤིན་ཏུ་གལ་ཆེ་བའི་སྐད་ཡིག་དེ་སྦྱོང་རྒྱུའི་ཆ་རྐྱེན་བྱུང་བ་དེ་ཧ་ཅང་གིས་སྐལ་བ་བཟང་པོ་རེད། བསོད་ནམས་ཆེན་པོ་རེད། དེ་འདྲ་ཡིན་དུས་ཚང་མས་དེ་ཧ་གོ་ཡི་ཡོད་རེད། དོན་རྟོགས་ཀྱི་ཡོད་རེད། དེ་ལ་བརྟེན་ནས་ད་ལྟ་བར་དུ་ལ་ཤིན་ཏུ་ནས་ཀྱང་ཡག་པོ་བྱུང་ཡོད་རེད། གོང་ནས་གོང་འཕེལ་བྱུང་ཡོད་རེད། ད་རུང་ཡིན་ན་ཡང་། མ་འོངས་པ་ལ་ཤིན་ཏུ་ནས་ཀྱང་གལ་ཆེན་པོ་ཡིན་དུས། དོ་དམ་དང་། རྗེས་སུ་ཡི་རངས་དང་། འཐུས་ཤོར་མེད་པའི་སློབ་སྦྱོང་དང་། སློབ་སྟོན་དང་། གསོ་སྐྱོང་དང་། ཚང་མ་གནང་དགོས་རྒྱུ་དེ་ཤིན་ཏུ་ནས་ཀྱང་གལ་ཆེན་པོ་རེད། ངས་འདི་ནས་མཁས་མདོག་བྱས་ནས་ཞུ་ཡི་མེད། ཁྱེད་རང་ཚོས་ང་འདིར་ཤོག  སྐད་ཆ་ཤོད་གསུང་དུས་ང་རང་གི་སྙིང་ཐག་པ་ནས་ག་རེ་དྲན་པ་དེ་ལྷག་བསམ་གྱིས་ཞུ་ཡི་ཡོད་”ཅེས་སོགས་གསུངས་སོང་།

གཞན་ཡང་མཛད་སྒོའི་ཐོག་བོད་ཁྱིམ་གྱི་ལས་བྱེད་ཞབས་ལོ་༢༠ འཁོར་བ་རྣམས་ལ་གཟེངས་རྟགས་དང་། སློབ་ཕྲུག་ཁག་ཅིག་ལ་ཤེས་ཡོན་གྱི་བྱ་དགའ། སློབ་ཕྲུག་རྣམས་ཀྱི་མཉམ་གཞས་དང་། འཁྲབ་གཞས་བཅས་བཏང་སོང་བ་མ་ཟད། དེ་རིང་ཟླ་འདིའི་ཕྱི་ཚེས་༢༣ ནས་༢༥ བར་ཉིན་གསུམ་རིང་རྒྱུག་མཆོངས་འཕེན་གསུམ་གྱི་རྩེད་མོ་འགྲན་སྡུར་དང་། སློབ་ཕྲུག་རྣམས་ཕན་ཚུན་ལ་བགྲོ་གླེང་འགྲན་སྡུར་སོགས་ཀྱི་མཛད་རིམ་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༤༦༡ ཀློག་གྲངས།