མདོ་སྟོད་ཆོལ་ཁའི་འོས་མིར་ཞུགས་པའི་གསལ་བསྒྲགས།

ཆབ་སྲིད།  ལོ་རྒྱུས།  རྩོམ་རིག  དབྱིན་ཡིག་སོགས་ལ་སློབ་སྦྱོང་བྱེད་བཞིན་པ་དང༌།  སྔ་ཕྱིར་༼སེར་བྱེས་བྱ་བྲལ་ཁང་ཚན་དང་ཐོབ་ཁུངས་ཆོལ་གསུམ་དགོན་སྡེ་ཁག་གི་ལོ་རྒྱུས་༽དཔེ་དེབ་ཀྱི་ལག་བསྟར་རྩོམ་སྒྲིག་པ་དང་།  ༼སེར་བྱེས་ངོ་སྤྲོད་གཏེར་གྱི་ཁ་བྱང་༽གི་ལོ་རྒྱུས་ཀྱི་ས་བོན་བསྡུ་ལེན་པ་དང་། སྒེར་ངོས་ནས་༼བོད་ཀྱི་ད་ལྟ་དང་མ་འོངས་པའི་གནས་བབ་ཐད་དཔྱད་པ། བོད་ཀྱི་དྲི་ལན།༽དང། ༼ཡབ་མེས་ཀྱི་དུར་ས་ནས་རྙེད་པའི་བོད་༽ཅེས་པའི་བོད་ཀྱི་ཁྲིམས་མཐུན་བདག་དབང་སྐོར་གཙོ་བོར་གྱུར་པའི་ཆབ་སྲིད་ཀྱི་དཔེ་དེབ་གཉིས།  གཞན་ཡང་ནང་དོན་མི་འདྲ་བའི་རྩོམ་ཡིག་མི་ཉུང་བ་ཞིག་བོད་ཕྱི་ནང་གི་དུས་དེབ་དང་གསར་ཤོག་ཁག་ཏུ་སྤེལ། ༢༠༠༨ ལོར་ལྷོ་ཕྱོགས་སྦེལ་ཀོབ་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་རྒྱུན་ལས་ཀྱི་འགན་ཁུར་ཞུས་པ་དང་།  དམིགས་བསལ་ཚོགས་ཆེན་ཐེངས་དང་པོར་འཛུལ་ཞུགས་ཀྱིས་མཚོན་བོད་དོན་ཆབ་སྲིད་སྐོར་གྱི་ཚོགས་འདུ་དང་བགྲོ་གླེང།  ལས་འགུལ་མང་དག་ཏུ་སྔ་ཕྱིར་མཉམ་ཞུགས་དང་སྐབས་རེ་འགར་སྣེ་ཁྲིད་ཀྱང་བྱས།   ༢༠༠༣ ནས་ད་ལྟའི་བར་བོད་ཀྱི་གསར་འགོད་པའི་ལས་ཁུར་ཞུས་དང་ཞུ་བཞིན་པ་ཡིན་ལ།  དུས་རྒྱུན་བོད་དོན་སྐོར་ལ་སློབ་སྦྱོང་དང་རྩོམ་ཡིག་འབྲི་བཞིན་ཡོད་པ་བཅས་ནི་གུས་པའི་ངོ་སྤྲོད་སྙིང་བསྡུས་ཡིན་ལ།  
དེང་སང་བོད་མི་མང་སྤྱི་འཐུས་སུ་འགྲོ་བར་ལོ་རྒྱུས་དང་ཆ་རྐྱེན་མང་པོ་ཞིག་འདོན་གྱི་ཡོད། ཡིན་ནའང་གཙོ་བོ་སྤྱི་འཐུས་ཐོབ་འཕྲལ་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་བཞིན་དམ་བཅའ་ཞུ་རྒྱུ་གང་ཡོད་པ་སུས་ཉམས་ལེན་ཐུབ་མིན་ལ་བལྟས་ནས་སྤྱི་འཐུས་འདེམས་དགོས་པ་དང་།  སྤྱི་འཐུས་སུ་ལངས་མཁན་སུ་ཞིག་ཡིན་ནའང་དེ་རྩ་འཛིན་བྱེད་དགོས་པ་རེད། དེ་བཞིན་མང་གཙོའི་ཡུལ་ལུང་གང་འདྲ་ཞིག་གི་འཐུས་མིར་ལངས་པ་ཡིན་ན་སོ་སོའི་ཡོང་ཁུངས་ཀྱི་མི་མང་གི་འདོད་ཚུལ་ཤེས་དགོས་པ་དང།  བདག་སྤྲོད་བྱེད་པའི་ཐོག་ནས་རྒྱལ་ཁབ་དང་མི་མང་གི་རྩ་དོན་ལ་འགན་ཁུར་དགོས་པ་ནི་འཐུས་མིར་ལངས་མཁན་གྱི་སྐྱེ་བོ་དེའི་ཁུར་དུ་བབ་པའི་ལས་འགན་རེད། གལ་ཆེ་བའི་གནད་དོན་འདི་གཉིས་ཀ་རྩ་འཛིན་བྱས་པའི་ཐོག  བཙན་བྱོལ་བོད་ཀྱི་མང་གཙོའི་འཕེལ་རིམ་ནང་མི་གཞན་གྱིས་རེ་བའི་མིང་མ་ཁུར་བར་རང་ངོས་ནས་སྤྱི་འཐུས་སུ་ལངས་པའི་སྤོབས་པ་མེད་པའི་མང་གཙོའི་སྤྱི་འབངས་ཀྱི་སྐྱོན་གནད་ཆེན་པོ་འདི་སེལ་རེ་དང་། གཞན་ཡང་བཀུར་འོས་མདོ་སྟོད་སེར་སྐྱ་མང་ཚོགས་སྐོར་ཅིག་ནས་ཀྱང་མདོ་སྟོད་སྤྱི་འཐུས་ཀྱི་འོས་མིར་འདོན་བཞིན་པ་བཅས་ལ་བརྟེན་མདོ་སྟོད་ཆོལ་ཁོངས་ཀྱི་སྤྱི་འཐུས་སུ་འོས་མིར་ཞུགས་ཀྱི་ཡོད་ན་མདོ་སྟོད་མི་མང་ནས་དགོངས་ཆུབ་ཡོད་པ་ཞུ།
འཇིགས་བྲལ་བསྟན་འཛིན་ནས་ཕྱི་ལོ་ ༢༠༡༠ ཟླ་ ༠༩ ཚེས་ ༡༣ ལ།   
མྱུར་འཕྲིན་ཁ་བྱང་།  jigdalten@yahoo.com

Share this:
༥༩ ཀློག་གྲངས།