ཕུ་རུང་ནང་ནས་སྦྲུལ་མགོ་སྟོན་པ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༢༢   ཕྱི་ལོ་ ༢༠༡༨/༡༠ /༢༤

ད་ལྟའི་ཆར་ཨ་རི་དང་རྒྱ་ནག་ཚོང་དམག་རྒྱག་བཞིན་པ་མ་ཟད། ཨ་རིའི་ངོས་ནས་མ་འོངས་པར་རྒྱ་ནག་དང་འབྲེལ་བའི་ཁེ་ཕན་རིགས་བཀག་འགོག་བྱེད་རྒྱུ་དང་། ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་དང་། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སོགས་ཡར་རྒྱས་གཏོང་དགོས་པའི་བསྒྲགས་གཏམ་ལྟ་བུ་ཨ་རིའི་སྲིད་འཛིན་གཞོན་པས་སྤེལ་སོང་། ལྷག་པར་དུ་རྒྱ་ནག་གི་བྱེད་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་མ་བཏང་ན་མ་འོངས་པར་ཨ་རི་རྒྱལ་སྤྱིའི་སྦྲག་ཟམ་མཐུན་ཚོགས་ནས་ཕྱིར་འབུད་རྒྱུ་དང་། དེ་ལ་བརྟེན་ནས་རྒྱ་ནག་གི་ཅ་ལག་གོང་ཁེ་པོའི་ཐོག་ཕྱིར་འདྲེན་བྱ་རྒྱུར་དཀའ་ངལ་འཕྲད་ངེས་ཡིན་པའི་སྡིགས་ར་ཡང་བསྐུལ་འདུག དེ་ལ་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པས་དུས་རྒྱུན་གྱི་གསར་འགོད་འདུ་འཛོམས་ཤིག་གི་སར་ཨ་རི་རྒྱལ་སྤྱིའི་ཚོགས་པ་ཁག་ནས་ཕྱིར་འཐེན་བྱེད་མིན་རང་དབང་ཡིན་ནའང་། རྒྱ་ནག་དང་འབྲེལ་བར་ཁ་བཏགས་པར་བློ་ཕམ་ཡོད་ཚུལ་བརྗོད་ཡོད་པ་རེད། ལོ་འདིར་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་གཞི་༢༠༠༩ ནས་བཟུང་ད་ལོ་དམའ་ཤོས་ཆགས་པ་ཡང་ཚོང་དམག་ལ་བརྟེན་ནས་བྱུང་བར་ངོས་འཛིན་བྱེད་བཞིན་འདུག

རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་འཆར་གཞིའི་ནང་འཛམ་གླིང་གི་རྒྱབ་ཁབ་ཆུང་ཁག་མང་པོ་ཞིག་གིས་ཆ་ཤས་ལེན་འཆར་ཡོད་པ་དང་། སྟོབས་ཆེན་རྒྱལ་ཁབ་མང་པོ་ཞིག་གིས་དེ་ནི་མ་འོངས་པར་ཉེན་ཁ་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། ཨ་རིའི་ངོས་ནས་རྒྱ་ནག་གི་དཔལ་འབྱོར་དང་དམག་དོན་ནུས་པ་གཅོག་ཆེད་ཐབས་ཤེས་གང་ཡོད་བྱེད་འཆར་ཡོད་འདུག་ཀྱང་། འདས་པའི་མི་ལོ་བཞི་བཅུ་ཙམ་གྱི་རིང་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དབྱར་གྱི་ཆུ་བོ་བཞིན་རྒྱས་པ་དེ་ཡང་། ཨ་རིའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་པ་ཞིག་ཏུ་གྱུར་ཡོད། ད་ལྟའི་ཆར་རྒྱ་ནག་གི་དཔལ་འབྱོར་དང་འཛམ་གླིང་ཐོག་གི་ཤུགས་རྐྱེན་ལ་ཨ་རི་ཡང་ཞེད་སྣང་སྐྱེ་དགོས་པ་ཞིག་ཏུ་གྱུར་ཡོད་པ་དང་། འདི་ལྟར་མུ་མཐུད་བསྐྱོད་ན་ཨ་རི་ཡང་རྒྱ་ནག་ལ་ཕྱོགས་གང་ཐད་ནས་རང་བཞིན་གྱིས་བསྟུན་དགོས་ཐུག་སྲིད་པ་རེད། དེར་བརྟེན་ཨ་རིས་རྒྱ་ནག་ལ་ཁ་གཏད་ཀྱི་འཆར་གཞི་ཁག་ཅིག་མངོན་གསལ་དོད་པོ་བྱེད་བཞིན་ཡོད་ནའང་། མ་འོངས་པར་དེ་དག་གི་ཤུགས་རྐྱེན་གྱིས་དོན་དངོས་སུ་ལ་ཕན་གནོད་ཡོད་མེད་བཤད་ཚོད་ཐིག་དཀའ་བ་ཞིག་རེད།

རྒྱ་ནག་ཨ་རིའི་ཁ་གཏད་དུ་གྱུར་པ་དེ་ནི་གླིང་སྒྲུང་ལས། བྱིའུ་ཚེར་མ་ལ་ཁྲ་ཞིག་སྐྱེས།། དེ་ཡང་རང་དགྲ་རང་གཤེད་རེད།། གོ་སེར་མ་ལ་ཁྱི་ཞིག་སྐྱེས།། དེ་ཡང་རང་དགྲ་རང་གཤེད་རེད།། ཟེར་བ་བཞིན། དང་པོ་ཨ་རིའི་ངོས་ནས་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་ནང་དུ་ཨུ་ཚུགས་ཀྱིས་ཚུད་ཐབས་བྱས་ནས་ཐའེ་ཝན་ཕྱིར་འཕུད་ལྟ་བུ་བྱས་པ་དང་། རྒྱ་ནག་དང་འབྲེལ་བ་བྱུང་ནས་ཀློ་སྒྲིག་འཛུགས་ཀྱི་རོགས་རམ་བཅད་ནས་བོད་དོན་ལ་སྣང་མེད་བྱས་པ། ད་དུང་རྒྱ་ནག་རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་ཀྱི་ཚོགས་མིའི་ནང་ཚུད་པར་ཨ་རིས་རྒྱབ་སྐྱོར་ཆེན་པོ་བྱས་པ། ཉོ་ཚོང་དང་མ་རྩ་འཛུགས་འཇོག་སོགས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ནི། ཨ་རིའི་སྲིད་གཞུང་དང་། ཨ་རིའི་ཚོང་པ་འབྱོར་ལྡན་དག་གི་མ་རྩ་ལ་བརྟེན་ནས་བྱུང་ཡོད་པས། དེང་སྐབས་རྒྱ་ནག་གིས་ཨ་རི་ལའང་ཆབ་སྲིད་ཙམ་དུ་མ་ཟད། དཔལ་འབྱོར་དང་དམག་དོན་ཐད་ནས་ཀྱང་ཚད་ཚད་བྱེད་ཕོད་པ་འདི་ནི་གཙོ་བོ་འདས་པའི་མི་ལོ་བཞི་བཅུ་ཙམ་གྱི་རིང་ཨ་རིས་རྒྱ་ནག་ཡར་རྒྱས་འགྲོ་བར་རོགས་རམ་བྱས་པ་ལ་བརྟེན་ནས་བྱུང་ཡོད།

ཨ་རྒྱ་གཉིས་ཀྱི་ཚོང་དམག་སོགས་ལ་བརྟེན་ནས་བོད་དོན་རྒྱབ་སྐྱོར་ལ་ཕན་ཐོགས་ཡོད་པའི་ལྟ་ཚུལ་འཛིན་མཁན་ཡོད་པ་དང་། ཉེ་ཆར་ཨ་རིའི་སྲིད་འཛིན་གཞོན་པའི་གཏམ་བཤད་ཀྱི་ཤུགས་ནས་གོ་ཐུབ་པ་ནི། བོད་པས་རང་བཙན་བརྩད་ཀྱང་ཨ་རིའི་སྲིད་གཞུང་གིས་རྒྱབ་སྐྱོར་བྱས་མི་ཡོང་ངམ་སྙམ་པའི་བརྡ་ཞིག་བཏང་བ་དེ་རེད། ཨ་རྒྱ་གཉིས་ཀྱི་ཚོང་དམག་དེ་མུ་མཐུད་རྒྱུན་རིང་པོ་རྒྱག་འཆར་ཡོད་མེད་དང་། མུ་མཐུད་དུ་རྒྱག་དགོས་ཐུག་མིན་བཤད་དཀའ་ཡང་། བོད་དོན་དང་ཡུ་གུར་གྱི་གནད་དོན་སོགས་ནི་རྒྱ་ནག་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་སུ་ཡིན་ཡང་། རྒྱལ་ཁབ་སོ་སོའི་ཁེ་ཕན་ཁོ་ན་གཞི་རྩར་བཟུང་བའི་ཐོག་ནས་བྱེད་པ་ལས། ཕ་མས་བུ་ཕྲུག་ལ་བྱམས་སྐྱོང་གནང་བ་ལྟ་བུའི་ལྷག་བསམ་རྣམ་དག་ཅིག་ཡོད་པའི་རེ་བ་རྒྱག་མི་འོས་པ་ནི་དེང་དུས་ཆབ་སྲིད་ལམ་ལུགས་ཀྱི་རྒྱུན་ཤེས་ཤིག་ཏུ་གྱུར་ཡོད། བོད་པའི་ངོས་ནས་རྒྱ་ནག་དང་རྒྱལ་ཁབ་ཆེ་ཁག་གཞན་གྱི་འགལ་རྩོད་ནང་ནས་ཁེ་ཕན་གང་ཡོད་པ་དེ་དུས་ལས་མ་ཡོལ་བར་ལེན་ཐུབ་དགོས་པ་ལས། ཕུགས་ནས་བོད་དོན་འབའ་ཞིག་ལ་དམིགས་པའི་རྒྱབ་སྐྱོར་ཞིག་ཡོང་བར་རེ་བ་རྒྱག་ཐབས་གཏན་ནས་མེད།

བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་རྒྱལ་སྤྱིའི་ཐོག་ནས་ལམ་དབུ་མར་རྒྱབ་སྐྱོར་ཡོད་པ་ལས། རང་བཙན་ལ་རྒྱབ་སྐྱོར་མེད་པར་ཡིད་ཆེས་གནང་གི་ཡོད་ཀྱང་། དེ་ནི་ཕྱོགས་གཅིག་ནས་བོད་པ་ལ་རྒྱབ་སྐྱོར་བྱེད་ན་བོད་པའི་ཚབ་མཚོན་རང་བཞིན་གྱི་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་དང་རེ་བར་རྒྱབ་སྐྱོར་བྱེད་པ་ལས། རྒྱབ་སྐྱོར་བྱེད་ཡུལ་ལ་མི་དགོས་པའི་རྒྱབ་སྐྱོར་ཞིག་བྱེད་ཐབས་མེད། ཨ་རི་སོགས་རྒྱལ་ཁབ་གང་ཞིག་རྒྱ་ནག་དང་ཁ་གཏད་དུ་གྱུར་ཚེ། བོད་པས་རང་བཙན་རྩོད་པ་དང་རྒྱ་ནག་ལ་འགལ་རྐྱེན་བཟོ་ཐུབ་པའི་ནུས་པ་ཡོད་ན་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་ཁྱད་པར་གང་ཡང་མེད་པར། རྒྱལ་ཁབ་དེ་དག་གིས་རྒྱ་ནག་ལ་ཁ་གཏད་གཅོག་པའི་ལག་ཆར་གྱུར་ཡོད་ན་རྒྱབ་སྐྱོར་རམ་བེད་སྤྱོད་བྱེད་ངེས་རེད། རྒྱ་ནག་དང་འགལ་ཟླ་མེད་པའམ། བོད་དོན་དེ་འགལ་ཟླའི་འཐབ་རྩོད་ནང་བེད་སྤྱོད་མེད་ན་ཁ་ཙམ་ལས་རྒྱབ་སྐྱོར་གང་ཡང་མེད། འོན་ཀྱང་ཆུང་ས་ནས་བོད་མིའི་སྒྲིག་འཛུགས་ལ་དཔལ་འབྱོར་གྱི་རོགས་རམ་ཙམ་ལས། གཞན་བོད་དོན་དེ་རྒྱ་ནག་ལ་ཕུ་རུང་ནང་ནས་སྦྲུལ་མགོ་བསྟན་ཏེ་ཞེད་སྣང་སྐུལ་བའི་ཐབས་ལམ་ཙམ་དུ་གྱུར་ཡོད།།

Share this:
༣༣༩ ཀློག་གྲངས།