ཨ་མ་ལྡོམ་པོ་སྐྱིད་དང་བོད་མི་རིགས་ཆེད་རང་སྲེག་གནང་མཁན་ཚོའི་ཆེད་སྨོན་ལམ་འཚོགས་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་༢༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་༠༩ ཐོག་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་དང་། རྡ་ས་ས་རྒྱུན་གཉིས་མཉམ་འབྲེལ་གྱིས་བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེའི་ཨ་མ་ལྡོམ་པོ་སྐྱིད་འདས་གྲོངས་སུ་ཕྱིན་ནས་ཞག་ཞེ་དགུ་འཁོར་བར་མཆོད་འབུལ་སྨོན་ལམ་དང་། བོད་མི་རིགས་ཆེད་རང་ལུས་མེར་སྲེག་གནང་མཁན་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་སྨོན་ལམ་འཚོགས་ཡོད་པ་རེད།

སྨོན་ལམ་གྱི་ཚོགས་མགོན་དུ་སྐྱབས་རྗེ་བྲག་རི་རིན་པོ་ཆེ་དང་། ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་རིན་པོ་ཆེ།  བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་བཅས་དབུ་དབུ་བཞུགས་ཐོག བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་འཐུབ་ཚབ་མི་སྣ། སྐྱ་སེར་མི་མང་མཉམ་ཞུགས་བྱས་ཡོད་པ་རེད།

དེ་ཡང་ཕྱི་ལོ་༢༠༡༢ ལོའི་གསུམ་བཅུའི་དུས་དྲན་ཉིན་མོ་དང་བསྟུན། གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་རྒྱ་གཞུང་ལ་དགོས་འདུན་དོན་ཚན་༥ བཏོན་ཏེ། བཞུགས་སྒར་དྷ་རམ་ས་ལ་ནས་འགོ་འཛུགས་ཀྱིས་བོད་ནང་ཞི་བའི་གོམ་བགྲོད་ཟླ་༢ རིང་བྱས་མཐར་རྒྱ་བལ་ས་མཚམས་སུ་འབྱོར་སྐབས། བལ་ཡུལ་མཐའ་སྲུང་དམག་གིས་གཅར་རྡུང་བཏང་སྟེ་བཙན་དབང་ཐོག་ཕྱིར་འཕུད་བཏང་ཡོད་པ་དང་། དེ་ནས་ཚེ་བརྟན་རྡོ་རྗེས་ཨ་མ་ལགས་དང་གཅུང་མོ་གཉིས་མགྲོན་ཁང་ཞིག་ཏུ་བཞག་ནས་མཚན་མོ་ཞིག་ལ་ཁོ་རང་གཅིག་པུ་བལ་ཡུལ་ནང་བསྐྱོད་ཡོད་སྟབས། མ་སྨད་གཉིས་ཕྱིར་དྷ་རམ་ས་ལར་མ་ལོག་ཐབས་མེད་ཆགས་ཡོད་པ་དང་། བཞུགས་སྒར་དུ་འབྱོར་བའི་ཉིན་མོ་ནས་བཟུང་ཨ་མ་ལྡོམ་པོ་སྐྱིད་ཀྱིས་སྔ་གཞུག་ཏུ་ཟས་བཅད་ངོ་རྒོལ་དང་། རྐྱང་ཕྱག་འཚལ་ཏེ་ཁོང་མ་བུ་གསུམ་གྱིས་རྒྱ་གཞུང་ལ་བཏོན་པའི་དགོས་འདུན་དོན་ཚན་ལྔ་འགྲུབ་ཐབས་སུ་བརྩོན་ཡོད་པ་རེད།

གླིང་ཚ་མ་བུ་གསུམ་གྱིས་རྒྱ་གཞུང་ལ་བཏོན་པའི་དགོས་འདུན་དོན་ཚན་ལྔ་ནི། དང་པོ། ཆ་རྐྱེན་གང་ཡང་མེད་པར་༧གོང་ས་མཆོག་ཕྱིར་བོད་ནང་དུ་ཕེབས་སུ་འཇུག་དགོས། གཉིས་པ། ཆ་རྐྱེན་གང་ཡང་མེད་པར་༧པན་ཆེན་ཆུང་སྲིད་རིན་པོ་ཆེས་གཙོས་བོད་ཀྱི་ཆབ་སྲིད་བཙོན་མ་རྣམས་གློད་གྲོལ་གཏོང་དགོས། གསུམ་པ། བོད་མིར་རང་གི་སྐད་དང་ཡི་གེ་སྦྱོང་རྒྱུར་རང་དབང་སྤྲོད་དགོས། བཞི་པ། བོད་མིར་རང་ཡུལ་གྱི་ཆས་གོས་དང་། གོམས་གཤིས་སོགས་རང་དབང་ཆ་ཚང་སྤྲོད་དགོས། ལྔ་པ། ད་ལྟ་བོད་ནང་དུ་སྡུག་སྦྱོང་དང་། མནར་གཅོད་གཏོང་མཁན་རྒྱ་ནག་གི་དམག་མི་ཡོངས་རྫོགས་བོད་ནས་ཕྱིར་འཐེན་བྱེད་དགོས། ཞེས་པ་བཅས་ཡིན་པ་རེད།

རྗེས་སུ་གླིང་ཚ་ཚེ་བརྟན་རྡོ་རྗེས་བོད་བསྐྱོད་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་གནང་སྟེ་ཀ་ལིམ་སྤུག་ནས་གར་སོང་ཆ་མེད་གྱུར་ཡོད་པ་དང་། ཨ་མ་ལྡོམ་པོ་སྐྱིད་དང་བཟའ་ཟླ་གཉིས་བོད་ལ་ལོག་རྩིས་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁྱོ་ག་གཅིག་པུ་མ་གཏོགས་ཨ་མ་ལྡོམ་པོ་སྐྱིད་དང་བུ་མོ་ལྷ་མོ་སྐྱིད་གཉིས་ལ་ཐོངས་མཆན་མ་སྤྲད་པར་བརྟེན། ཁོང་མ་སྨད་གཉིས་རྒྱ་གར་ནང་མུ་མཐུད་གནས་སྡོད་བྱེད་དགོས་བྱུང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་༩ པའི་ཕྱི་ཚེས་༦ ཉིན་གྱི་མཚན་མོར་དྷ་ས་ནས་གློ་བུར་དུ་འདས་གྲོངས་སུ་ཕྱིན་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Share this:
༧༠༣ ཀློག་གྲངས།