རྒྱ་ནག་ནས་ཉུང་མཐར་ཕྲུ་གུ༡༤ ལ་གྲི་བརྒྱབས་ནས་རྨས་སྐྱོན་བཏང་འདུག

ཟླ་འདིའི་ཕྱི་ཚེས་༢༦ ཉིན་རྒྱ་ནག་ཁྲུང་ཆིན་གྱི་སྔོན་འགྲོའི་སློབ་གྲྭ་ཞིག་ནང་། རུས་མིང་ལིའུ་ཞེས་པའི་སྐྱེས་དམན་ཞིག་གིས་ཚལ་གྲིས་དྲག་རྒོལ་བྱས་ནས་ཉུང་མཐར་ཕྲུ་གུ་༡༤ ལ་རྨས་སྐྱོན་ཤོར་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ནང་ཞོགས་པར་ཕྲུ་གུ་རྣམས་རྩེད་ཐང་ཐོག་ཡོད་པའི་སྐབས་སུ། སྐྱེས་དམན་དེས་ཚལ་གྲི་ལག་ཏུ་བཟུང་ནས་སློབ་གྲྭའི་ནང་འཛུལ་ཏེ། དྲག་རྒོལ་བྱས་ཡོད་འདུག་ཀྱང་། དྲག་རྒོལ་བྱེད་ཡུལ་དེ་ག་རང་ནས་འཇུ་བཟུང་བྱས་ཡོད་འདུག

ད་ལྟའི་ཆར་དྲག་རྒོལ་བྱས་པའི་ཀུན་སློང་གང་ཡིན་གསལ་པོ་མེད་འདུག་ཀྱང་། སྤྱི་ཚོགས་བརྒྱུད་ལམ་ཁག་ཅིག་ཐོག་སྐྱེས་དམན་དེ་དང་རྒྱ་ནག་གཞུང་གཉིས་བར་ན་དཀའ་རྙོག་ཡོད་སྐོར་བསྒྲགས་བཞིན་ཡོད་འདུག

སྤྱི་ཚོགས་དྲ་ལམ་ཐོག་དྲག་རྒོལ་དེའི་ཐོག་ནས་གནོད་འཚེ་ཕོག་པའི་བྱིས་པ་རྣམས་སློབ་གྲྭའི་ཕྱི་རོལ་དུ་ཁྲིད་བཞིན་པའི་བརྙན་ཐུང་ཁྱབ་བཞིན་པའི་ནང་། བྱིས་པ་ཁག་ཅིག་གི་གདོང་ལ་རྨ་ཆགས་པ་མཐོང་རྒྱུ་ཡོད་འདུག

དེ་བཞིན་འདི་ལོའི་ཕྱི་ཟླ་༤ པའི་ནང་རྒྱ་ནག་གི་འབྲིང་རིམ་སློབ་གྲྭ་ཞིག་ནང་སྐྱེས་པ་ལོ་ན་༢༨ ལ་སོན་པ་ཞིག་གིས་དྲག་རྒོལ་བྱས་ནས་སློབ་ཕྲུག་༩ ཡི་རང་སྲོག་ཤོར་ཡོད་པ་དང་། ལག་དམར་བ་དེ་འདི་ལོའི་ཕྱི་ཟླ་༩ པའི་ནང་དམར་གསོད་བཏང་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༤༣༣ ཀློག་གྲངས།