བོད་ནང་གི་གྲྭ་བཙུན་ཚོར་ཁྲིམས་ལུགས་ཟབ་སྦྱོང་སྤྲོད་བཞིན་འདུག

རྒྱ་ནག་གིས་བོད་རང་སྐྱོངས་ལྗོངས་ཁུལ་གྱི་གྲྭ་བཙུན་རྣམས་ལ་རྩ་ཁྲིམས་དང་སྒྲིག་ཁྲིམས་གཞན་གྱི་ཐོག་ལ་ཟབ་སྦྱོང་སྤྲོད་བཞིན་པའི་གནས་ཚུལ་ཞིག་བཏོན་འདུག་པ་དང་། ཟབ་སྦྱོང་དེ་ནི་ཁུལ་དེའི་བརྟན་རླིང་དང་ཆིག་སྒྲིལ་གྱི་ཆེད་དུ་ཡིན་སྐོར་བརྗོད་འདུག

ཟླ་༡༠ པའི་ཚེས་༢༥ ཉིན་རྒྱ་ནག་གཞུང་འབྲེལ་དྲ་ལམ་གོ་ལའི་དུས་བབ་སྟེང་དུ། བོད་རང་སྐྱོངས་ལྗོངས་ཁུལ་གྱི་སྲིད་གཞུང་གིས་ཁྲིམས་ལུགས་ཆེད་ལས་པ་དང་ལས་བྱེད། དེ་བཞིན་ཆེ་མཐོང་ཡོད་པའི་གྲྭ་པ་སོགས་ལས་གྲུབ་པའི་རུ་ཁག་རྣམས། དགོན་སྡེ་ཁག་ཏུ་མངགས་གཏོང་བྱས་ཏེ། གྲྭ་བཙུན་རྣམས་ལ་ཁྲིམས་ལུགས་ཟབ་སྦྱོང་སྤྲོད་བཞིན་ཡོད་སྐོར་བརྗོད་འདུག

བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་དཔོན་(Xiong Kunxin)གྱིས་ཁུལ་དེར་ཁྲིམས་ཀྱི་གོ་རྟོགས་སྐྱོ་པོ་ཡོད་པ་དང་། དེ་ཡང་ནང་ཆོས་ཉམས་ལེན་པ་ཁག་ཅིག་གིས་རང་ཉིད་ཁྲིམས་ཀྱི་ཁྱབ་ཁོངས་ལ་ཚུད་ཀྱི་མེད་པར་ངོས་འཛིན་བྱེད་ཀྱི་ཡོད་པས་ཡིན་པ། དེ་བཞིན་ཁྲིམས་ལུགས་ཟབ་སྦྱོང་སྤྲོད་མཁན་གྱི་རུ་ཁག་ནང་དུ་རྒྱ་བོད་གཉིས་ཀྱི་སྐད་ཤེས་མཁན་ཡོད་པས། གོ་རྟོགས་གསལ་པོ་སྤྲད་ཐུབ་ཀྱི་ཡོད་ཀྱང་། བོད་པའི་ནང་པ་ཡོད་པའི་ཞིང་ཆེན་གཞན་ལ་ཁྲིམས་ལུགས་ཀྱི་གོ་རྟོགས་གསལ་པོ་སྤེལ་མི་ཐུབ་པའི་དཀའ་ངལ་ཡོད་སྟབས། སྐད་གཉིས་ཀྱི་ཐོག་ནས་སྤེལ་བའི་ཁྲིམས་ལུགས་ཟབ་སྦྱོང་དེ་ཞིང་ཆེན་གཞན་ལ་ཡང་ཁྱབ་སྤེལ་བྱེད་ཐུབ་དགོས་སྐོར་བརྗོད་འདུག

བོད་རང་སྐྱོངས་ལྗོངས་ཁུལ་གྱི་རྒྱ་ནག་སྲིད་གཞུང་གིས་སྐད་འཕྲིན་ནང་ཁྲིམས་ལུགས་གོ་རྟོགས་དང་འབྲེལ་བའི་རྩོེད་མོའི་མཉེན་ཆས་གསར་བཟོ་བྱས་ནས། ད་བར་མི་གྲངས་ས་ཡ་༡.༨ ཀྱིས་བཀོལ་སྤྱོད་བྱས་ཡོད་ཚུལ་བརྗོད་འདུག དེ་བཞིན་ཡིག་གཟུགས་དང་གབ་ཚིག སྔ་དྲོའི་ཀློག་སྦྱོང་སོགས་ཀྱི་ལས་རིམ་བརྒྱུད་ནས་ཁྲིམས་ལུགས་གོ་རྟོགས་སྤེལ་བཞིན་ཡོད་སྐོར་བརྗོད་འདུག

བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་དཔོན་དེས། དེ་སྔོན་ཡིན་ན་བོད་རང་སྐྱོངས་ལྗོངས་ཁུལ་གྱི་དགོན་སྡེ་ཁག་ནང་ཞིང་ཆེན་གཞན་གྱི་གྲྭ་བཙུན་རྣམས་དེབ་སྐྱེལ་མེད་པར་གནས་སྡོད་བྱེད་ཀྱི་ཡོད་པས། དོ་དམ་ལྟ་རྟོག་བྱེད་རྒྱུ་ཁག་པོ་ཆགས་ཡོད་ཁར།  དགོན་སྡེའི་འཛིན་སྐྱོང་ཚགས་ཚུད་མེད་སྐོར་དང་། ཁྲིམས་ལུགས་གོ་རྟོགས་སྤེལ་བའི་ཟབ་སྦྱོང་དེས་ཁུལ་དེའི་བརྟན་བརླིང་དང་ཆིག་སྒྲིལ་ལ་ཕན་གྱི་ཡོད་སྐོར་བརྗོད་འདུག

དེ་བཞིན་ཟླ་༣ པའི་ནང་དགེ་འདུན་པ་ཚོར་རྩ་ཁྲིམས་དང་ཁྲིམས་སྒྲིག་ཁག་གི་སློབ་ཁྲིད་ཐེངས་༩༢༣ བྱས་པའི་ཁྲོད་མཉམ་ཞུགས་པ་མི་གྲངས་༢༤༠༠༠ བྱུང་ཡོད་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ། ཆོས་ལུགས་ཀྱི་ཤུགས་རྐྱེན་དང་མི་རིགས་ཀྱི་ལྟ་བ་ཆུང་དུ་གཏོང་ཆེད་དུ་ཆབ་སྲིད་སློབ་གསོ་བཅོས་བསྒྱུར་སོགས་ཀྱི་ལས་འགུལ་སྤེལ་ཏེ། མི་རྣམས་འདོད་མོས་ཡོད་མེད་ལ་མ་ལྟོས་པར་བཀག་ཉར་བྱས་ཏེ་མཉམ་ཞུགས་བྱེད་དུ་འཇུག་གི་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༧༣ ཀློག་གྲངས།