༡༩༦༨ ལོ་དང་༡༩༦༩ ལོར་བོད་མིའི་རྒྱའི་དབང་བསྒྱུར་ལ་ངོ་རྒོལ་སྐོར་གླེང་བ།

ཟླ་འདིའི་ཚེས་༢༦ ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ། ས་སྤྲེལ་ལོའི་ཞི་རྒོལ་ཞེས་༡༩༦༨ ལོར་བོད་མདོ་སྨད་རྔ་པ་དང་མགོ་ལོག་སོགས་གཙོ་བྱས་ས་གནས་ཁག་ནས་ཧོང་ཁྲིན་ཞེས་པའི་ཚོགས་པའི་མིང་ཐོག་ནས་རྒྱ་ནག་གིས་བོད་དབང་བསྒྱུར་ལ་ངོ་རྒོལ་བྱས་པའི་སྐོར་དང་། ༡༩༦༩ ལོར་དབུས་གཙང་སྙེ་མོ་ས་གནས་གཙོས་རྒྱ་རྒོལ་སྐོར་ལ་བགྲོ་གླེང་ཞིག་འཚོགས་ཡོད་པ་རེད།

ལས་འགུལ་ནང་དངོས་སུ་ཞུགས་མྱོང་མཁན་གཏམ་བཤད་པ་དམ་ཆོས་དཔལ་བཟང་གིས། “ས་སྤྲེལ་(༡༩༦༨ལོ་) ཞི་རྒོལ་ཆེན་མོ་ནི་རིག་གནས་གསར་བརྗེའི་སྐབས་ཀྱི་ཚོགས་པ་ཞིག་གི་མིང་ཡིན། རྒྱ་སྐད་དུ་ཧོང་ཁྲིན་དང་།  བོད་སྐད་དུ་ཁྲིན་འདུའི་དམར་སྲུང་དམག་ཟེར། ༡༩༦༧ ལོར་རྔ་བ་བཀྲ་ཤིས་ཟེར་བས་སི་ཁྲོན་ཞིང་ཆེན་ཁྲིན་འདུ་དམག་ཁུལ་གྱི་ངོ་ཤེས་ཤིག་བརྒྱུད་ནས་ཧོང་ཁྲིན་གྱི་མིང་དེ་བྱུང་བ་ཞིག་དང་། དེ་ཡང་རིག་གནས་གསར་བརྗེ་ཆེན་པོའི་ཚོགས་ཁག་གཅིག་གི་མིང་ཡིན་པ་དང་། རིམ་པས་ཚོགས་པའི་ངོ་བོར་འགྱུར་ནས་ཀུང་ཁྲན་ཏང་ལ་ངོ་རྒོལ་བྱེད་མཁན་གྱི་རྩ་འཛུགས་ཤིག་ཏུ་གྱུར་བ་རེད་”ཅེས་གསུངས་སོང་།

ཁོང་གིས་ངོ་རྒོལ་དགོས་པའི་རྒྱུན་མཚན་སྐོར་གསུང་དོན། “རྒྱ་ནག་དམར་པོའི་མནར་གཅོད་གདུག་རྩུབ་འོག་སྨྲ་བརྗོད་དང་ཆོས་དད་རང་དབང་མེད་པ། སོ་སོའི་ས་ཞིང་དང་སྒོ་ཕྱུགས་སོ་སོར་མ་དབང་བས་མི་མང་ཡར་ལངས་ངོ་རྒོལ་བྱས་པ་རེད་”ཅེས་དང་། “༡༩༦༨ ལོའི་ཟླ་༡༡ ཚེས་༣ ཉིན་མགོ་ལོག་ཁང་གསར་མི་མང་གཙོས་དབལ་ཤུལ་རྨེ་བའི་མི་མང་སོགས་ཀྱིས་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་གི་མཐའ་བསྐོར་ནས་རྫོང་སྲིད་གཞུང་ལ་ཞི་རྒོལ་བྱས། ཞི་རྒོལ་བསྒྲགས་ཡིག་ནང་རྒྱ་རྒྱ་ཡུལ་ལ་འགྲོ་རྒྱུ་དང་། བོད་བོད་ཡུལ་ལ་སྡོད་རྒྱུ། རྒྱ་རིགས་རྣམས་རང་ཡུལ་ལ་ལོགས་དགོས་པའི་བརྡ་ཁྱབ་བཏང་བ་རེད།   དེ་བཞིན་དུ་སི་ཁྲོན་གྱི་གཞུང་དམག་(བཅིང་གྲོལ་དམག་)དང་དམང་དམག་ཟེར་བ་གཉིས་ཀྱིས་ ༡༩༦༨ ལོའི་ཟླ་ ༩ ཚེས་ ༢༩ ཉིན་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་གསེར་ཏེའི་ནས་ཉིན་གཅིག་ལ་བོད་མི་ ༧༡ རྐྱེན་ལམ་དུ་བཏང་ཡོད་པ་རེད་”ཅེས་དེའི་སྐབས་རྗེས་སུ་འཇུ་བཟུང་བྱས་པ་མང་པོར་སྲོག་ཁྲིམས་དང་ཚེ་བཙོན། ལོ་མང་བཙོན་འཇུག་པའི་མྱོང་ཚོར་སྐོར་གསུངས་སོང་།

རྨེའུ་རུ་མའི་རྭ་བདེ་ལེགས་ཀྱིས་རང་ཉིད་ཞི་རྒོལ་ནང་ཞུགས་པའི་སྐབས་ཀྱི་གནས་ཚུལ་བྱུང་རིམ་དང་། དམག་འཐབ་སྐོར་གསུངས་པ་དང་། ཁོང་དེ་དུས་ལོ་༡༨ ཡིན་པ་དང་། རྒྱ་ཕྱོགས་ལ་དམག་ཧ་ཅང་མང་བ་དང་། གོ་ལག་བཟང་བ་མ་ཟད་དང་། གྲ་སྒྲིག་ཡག་པོ་བྱས་ཡོད་སྐོར། བོད་མི་ཚོར་ལག་ཆ་མེད་པས་ཁ་ཐུག་དམག་སྒར་དུ་གདོང་མཆོང་བྱས་སྐོར་སོགས་གསུངས་སོང་།

སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་གྱིས་གནས་ཚུལ་དངོས་སུ་མཐོང་ཐོས་སྐོར་ལ་གསུང་བཤད་གནང་བ་དང་། ཁོང་དེ་དུས་ལོ་༤ ཡས་མས་ཡིན་པ་དང་། རྗེས་སུ་རྒྱ་ནག་གཞུང་གིས་ངོ་རྒོལ་བར་དྲག་གནོན་བྱེད་དགོས་པའི་བརྡ་ཁྱབ་བཏང་སྐོར། ངོ་རྒོལ་བ་བྲོས་བྱོལ་སོང་བ་ཚོ་རྗེས་སུ་འཇུ་བཟུང་བྱས་ནས། དམར་གསོད་བཏང་བ་དངོས་སུ་མཐོང་མྱོང་སྐོར་སོགས་གསུངས་ཡོད་པ་རེད།

དགེ་ཆེ་གཙང་ཕྲུག་སྟོབས་ལགས་ཀྱིས་དབུས་གཙང་ཞི་རྒོལ་ཆེན་མོ་བྱུང་སྐོར་དང་། གཙོ་བོ་སྙེ་མོ་ནས་མགོ་བཙུགས་ཏེ། རྫོང་ཁག་མང་པོར་ཁྱབ་ཡོད་འདུག རྒྱ་ནག་གཞུང་གིས་བཙུགས་པའི་མཉམ་ལས་གཏོར་ཏེ། བོད་མི་ཚོས་རང་རྒྱུ་རང་བདག་བྱས་ནས་ཉིན་༨༠ རིང་རང་བཙན་རང་བདག་བྱས་ནས་བསྡད་པ་དང་། རྗེས་སུ་རྒྱ་ནག་དབུས་གཞུང་གིས་དྲག་གནོན་དགོས་པའི་བཀོད་ཁྱབ་བཏང་བར་བརྟེན། ཕམ་ཉེས་བྱུང་སྐོར། སྐབས་དེར་རྒྱ་ནག་གིས་ལས་འགུལ་དེར་གསར་རྗེ་ངོ་ལོག་པ་ཟེར་གྱི་ཡོད་ནའང་། བོད་མི་ཚོས་གྱེན་ལོག་ཟེར་གྱི་ཡོད་པ་དང་། དགོས་འདུན་གཞུང་མཉམ་པོར་གྲོས་མོལ་བྱས་ནས་མ་འགྲིག་པར། “རྒྱ་ཆེའི་མི་དམངས་ལ་བཟའ་རྒྱུ་མེད་པར་བརྟེན། མི་དམངས་ཀུང་ཧྲེ་མེད་པ་བཟོ་རྒྱུ་དང་། རྒྱལ་གཅེས་གཞུང་འབྲུ་སྤྲོད་མི་དགོས་པ།  གུང་ཁྲན་ཏང་དང་མའོ་ཀྲུ་ཞིའི་གསུང་རྩོམ་བཞིན་ལག་བསྟར་བྱེད་ཀྱི་མེད་འདུག་”ཅེས་བརྗོད་ནས་ངོ་རྒོལ་བྱས་ཡོད་སྐོར་དང་། དེ་བཞིན་སྐབས་དེར་ཁམས་སུ་ལྕགས་ར་སྤེན་པ་དང་། ནགས་ཆུ་སོགས་ས་གནས་མང་པོར་གཅིག་མཚུངས་ཀྱིས་ལས་འགུལ་བྱུང་སྐོར་ངོ་སྤྲོད་གནང་སོང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༨༥༠ ཀློག་གྲངས།