བོད་སྐད་དག་མའི་སློབ་དེབ་ཅེས་པ་དབུ་འབྱེད་བྱས་འདུག

དབྱིན་ཡུལ་དུ་ཉེ་བའི་འབུམ་རམས་པའི་སློབ་སྦྱོང་བྱེད་མཁན་བསྟན་འཛིན་ཆོས་འཕེལ་གྱིས། ཕྱི་རྒྱལ་བ་དང་བོད་རིགས་གཞོན་སྐྱེས་ཕྱི་རྒྱལ་དུ་འཚར་ལོངས་བྱུང་མཁན་རྣམས་ལ་དམིགས་ཏེ་བོད་སྐད་སྦྱོང་བྱེད་ཀྱི་སློབ་དེབ་ཅིག་བརྩམས་ཡོད་འདུག་པ་དང་། དེ་ནི་དེང་དུས་ཀྱི་སློབ་ཁྲིད་ཐབས་ལམ་དང་མཐུན་པའི་སློབ་དེབ་གཅིག་ཡིན་འདུག

ཟླ་༡༠ པའི་ཚེས་༢༩ ཉིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་བོད་ཁང་དུ། བསྟན་འཛིན་ཆོས་འཕེལ་ཀྱིས་བརྩམས་པའི་བོད་སྐད་དག་མའི་སློབ་དེབ་དངོས་སུ་དབུ་འབྱེད་མཛད་སྒོ་འཚོགས་ཡོད་འདུག་པ་དང་། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་དང་བོད་ཁང་འགན་འཛིན་བསོད་ནམས་ཚེ་རིང་གཉིས་ཀྱིས་དེབ་འདི་དབུ་འབྱེད་གནང་འདུག འདི་གའི་གསར་འགོད་པས་ཁོང་ལ་བཅར་འདྲི་བྱས་པ་བརྒྱུད། སློབ་དེབ་དེ་ནི་བོད་ཡིག་དང་དབྱིན་ཡིག་གཉིས་ལྡན་གྱི་སློབ་དེབ་ཅིག་ཡིན་ཁར། ཕྱི་རྒྱལ་བ་དང་ཕྱི་རྒྱལ་དུ་འཚར་ལོངས་བྱུང་བའི་བོད་སྐད་མི་ཤེས་པའི་བོད་རིགས་གཞོན་སྐྱེས་རྣམས་ཀྱི་ཆེད་དུ་བརྩམས་པ་ཡིན་འདུག

དེ་ཡང་དེང་དུས་ཀྱི་སློབ་ཁྲིད་ཐབས་ལམ་ལ་བརྟེན་ནས། བོད་ཀྱི་སྐད་ཡིག་གི་ཉམས་མ་བརླག་པའི་ཐོག་ནས་སློབ་ཁྲིད་བྱེད་ཐབས་ཀྱི་སློབ་དེབ་ཅིག་ཡིན་འདུག་པ་དང་། དེབ་དེ་ཁོང་དང་དབྱིན་ཇིའི་དགེ་རྒན་(klara Hendychova) གཉིས་ཀྱིས་མཉམ་དུ་བྲིས་ཤིང་། བཙུན་དགོན་ཐོས་བསམ་གླིང་དང་ཁོང་གཉིས་ཀྱིས་མཉམ་དུ་པར་སྐྲུན་བྱས་པ་ཞིག་རེད་འདུག

བསྟན་འཛིན་ཆོས་འཕེལ་ནི་བོད་ནས་བསླེབས་ཤིང་། རྒྱ་གར་དུ་འབྲས་སྤུངས་བློ་གསལ་གླིང་དུ་སློབ་གཉེར་བྱས། རྗེས་སུ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་རིག་གནས་རབ་འབྱམས་པ་ཐོན་རྗེས། དེ་གར་ལོ་གཅིག་རིང་དགེ་རྒན་བྱས་ཡོད་པ་དང་། རྗེས་སུ་ཕྱི་ལོ་༢༠༡༥ ནས་༢༠༡༧ བར་དྷས་ས་ནོར་གླིང་གི་ཉེ་འགྲམ་དུ་ཡོད་པའི་བཙུན་དགོན་ཐོས་བསམ་གླིང་དུ་དགེ་རྒན་བྱས་འདུག སྐབས་དེའི་རིང་ཁོང་གིས་བོད་སྐད་དག་མའི་སློབ་དེབ་དེ་བརྩམས་པ་ཞིག་རེད་འདུག ད་ལྟའི་ཆར་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་གྲགས་ཆེན་ཨོག་སེ་ཧྥོ་ཌེ་(oxford)གཙུག་ལག་སློབ་གཉེར་ཁང་དུ། ཤར་ཕྱོགས་རིག་པའི་ཐོག་ཉེ་བའི་འབུམ་རམས་པའི་སློབ་སྦྱོང་བྱེད་མུས་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༠༥༥ ཀློག་གྲངས།