སྨན་བཅོས་ལྟ་སྐྱོང་ཐད་གོ་རྟོགས་སྤེལ་ཐབས་དང་ཐོ་འགོད་ཞུ་ཕྱོགས་ཀྱི་ཟབ་སྦྱོང་།

ཕྱི་ལོ་༢༠༡༨ ནས་༢༠༡༩ ལོའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་ཚོགས་མི་༢༤,༣༠༠ ཙམ་ཡོད་པ་དང་། ཕྱི་ལོ་༢༠༡༩ ནས་༢༠༢༠ ལོའི་ནང་། ཚོགས་མི་༣༠,༠༠༠ ཟིན་ཐུབ་རྒྱུའི་འབད་བརྩོན་གནང་དགོས་སྐོར་འཕྲོད་བསྟེན་བཀའ་བློན་གྱིས་གསུངས་སོང་།

ཕྱི་ཟླ་༡༠ ཕྱི་ཚེས་༢༩ ཉིན་གྱི་སྔ་དྲོར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་དྷ་སའི་ཉེ་འགྲམ་དུ་ཆགས་པའི་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་ཁྱབ་ཁོངས་འཛིན་སྐྱོང་སྦྱོང་བརྡར་དང་། བདེ་དོན་ཚོགས་པའི་ཐུ་མི་ཚོགས་ཁང་དུ། འཆར་ལོའི་སྨན་བཅོས་ལྟ་སྐྱོང་གོ་རྟོགས་སྤེལ་ཐབས་དང་ཚོགས་མི་ཐོ་འགོད་ཞུ་ཕྱོགས་ཀྱི་ཟབ་སྦྱོང་ཞིག་བསྐོང་ཚོགས་གནང་སོང་ཞིང་། ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་དང་། འཕྲོད་བསྟེན་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ། ཟུང་དྲུང་བྱམས་པ་ཕུན་ཚོགས། སྨན་བཅོས་ལྟ་སྐྱོང་ལས་གཞི་ཚན་པའི་འགན་འཛིན་མི་འགྱུར་གཡུ་སྒྲོན་བཅས་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད་རྣམ་པ་དང་། ཟབ་ཁྲིད་པ་རྒྱ་གར་གྱི་ཆེད་ལས་མི་སྣ། ཕྱོགས་མཐའི་ས་གནས་ཁག་ནས་ཟབ་སྦྱོང་ལ་ཕེབས་པའི་ཚོགས་བཅར་བ་༣༣ བཅས་འཛོམས་འདུག

མཛད་སྒོའི་ཐོག་མར་འཕྲོད་བསྟེན་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་གྱིས་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་བྱུང་རིམ་དང་། རྒྱབ་ལྗོངས་ཀྱི་དམིགས་ཡུལ། གནས་སྟངས། དགོས་མཁོ་ཆ་རྐྱེན་སོགས་ངོ་སྤྲོད་གསུང་བཤད་གནང་རྗེས། འཕྲོད་བསྟེན་བཀའ་བློན་གྱིས་གསུང་བཤད་གནང་དོན་དུ་“དེ་རིང་འདིར་སྨན་བཅོས་ལྟ་སྐྱོང་ལས་གཞིའི་བསྐྱར་ཞིབ་བམ་ཕྱི་ལོ་༢༠༡༩ དང་༢༠༢༠ ལོའི་འཛུལ་ཞུགས་ཟེར་ནའང་རེད། དེའི་ཐོག་གོ་རྟོགས་ཇི་ལྟར་སྤེལ་རྒྱུ་ཡིན་པ་དང་། ལས་འཆར་ཇི་ལྟར་སྒྲིག་རྒྱུ་ཡིན་པ། དེ་སྔའི་ཉམས་མྱོང་ཐོག་ནས་ལེགས་པའི་རིགས་ཡར་བཞེས་རྒྱུ་དང་ངན་པ་རིགས་མར་དོར་བའི་ཐོག་ནས་གོམ་པ་ཇི་ལྟར་སྤོ་རྒྱུ་ཡིན་པ་དེའི་ཐོག་ལ་ཚོགས་བཞིན་ཡོད་”ཅེས་གསུངས་སོང་།

དེ་བཞིན་ཁོང་གིས་མུ་མཐུད་དུ་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་དང་འབྲེལ་ནས་ཚོགས་བཅར་བ་རྣམས་ལ་ལམ་སྟོན་གནང་དོན་དུ་“བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་སོ་སོའི་ནང་ལས་གཞི་ཁག་མང་པོ་ཞིག་འགྲོ་མུས་རེད། ད་ལྟའི་ཆར་འཕྲོད་བསྟེན་ལས་ཁུངས་སུ་ལས་གཞི་གལ་ཆེ་ཤོས་ཤིག་ནི། སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འདི་ཉིད་ལས་གཞི་གལ་ཆེན་པོ་དང་ཚགས་ཚུད་ཤོས་ཤིག་ཡིན་པ་སྤོབས་པ་མཐོན་པོའི་ཐོག་ནས་ཞུ་བཞིན་ཡོད། འདས་པའི་ལོ་གཅིག་ཙམ་གྱི་ནང་ལ་ང་ཚོའི་སྤྱི་ཚོགས་དང་བོད་མིའི་སྒྲིག་འཛུགས་ནས་ལྔ་དང་ལྔ་བཅུའི་སྐད་ཆ་བཤད་ཀྱི་ཡོད་རེད། ལྔ་དང་ལྔ་བཅུའི་ལྟ་གྲུབ་ནང་ཏག་ཏག་ཚུད་པ་ཞིག་ནི་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འདི་ཉིད་ཆགས་ཡོད། ང་རང་ཚོའི་སྤྱི་ཚོགས་ནང་ནས་དངུལ་ཡར་བླངས་ཏེ་ང་རང་ཚོའི་སྤྱི་ཚོགས་རང་ལ་ཕར་ཕན་པའི་ཐོག་ནས་སོ་སོ་རང་ཉིད་ཀྱི་རྐང་པའི་ཐོག་ལང་ཐུབ་པ་དང་རང་ཁ་རང་གསོ་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད། ལྷག་པར་འཕྲོད་བསྟེན་ཐོག་སོ་སོའི་སྦ་ཁུག་ནས་འགྲོ་གྲོན་གང་ཉུང་དུ་གཏང་རྒྱུའི་ལྟ་གྲུབ་བཞེས་པའི་ཐོག་ནས་འགྲོ་བཞིན་པའི་གནས་སྟངས་ཆགས་ཡོད། ད་རེས་སློབ་སྟོན་པ་རྣམ་པ་གཉིས་དང་། དེ་བཞིན་སྨན་བཅོས་ལྟ་སྐྱོང་ལས་གཞི་ཚན་པའི་འབྲེལ་ཡོད་ལས་བྱེད། ལྷག་པར་རྣམ་པ་ཚོ་སོ་སོའི་ངོས་ནས་ས་གནས་ས་ཐོག་ཏུ་མང་ཚོགས་ནས་དགོངས་ཚུལ་གང་ཡོང་བཞིན་ཡོད་པ། ས་གནས་སུ་ལས་གཞི་ལག་བསྟར་གནང་བའི་སྐབས་དཀའ་ངལ་གང་འཕྲད་ཀྱི་ཡོད་པ། གདོང་ལེན་བྱེད་དགོས་པ་གང་ཡོད་པ་དེ་དག་ཚང་མ་འདིར་སྤུང་དགོས་ཀྱི་ཡོད་རེད། དེ་དག་སྤུངས་བའི་ཐོག་ནས་གང་འཐོན་གྱི་འདུག  དེ་བཞིན་མཁས་ལས་པས་ལམ་སྟོན་གང་ཕེབས་ཀྱི་འདུག དེ་དག་སྡོམ་བརྒྱབ་པའི་ཐོག་ནས་ང་ཚོའི་སར་ཡར་སླེབ་དུས་དེའི་ཐོག་སྲིད་བྱུས་ལག་བསྟར་འཛིན་པའི་ཐོག་ནས་གོམ་པ་བརྒྱག་ནས་འགྲོ་དགོས། རྣམ་པ་ཚོ་འདིར་འཛོམས་པའི་ཐོག་ནས་དགོངས་པ་བཞེས་རྒྱུ་དང་། ལྷག་དོན་དུ་ས་གནས་ས་ཐོག་ལ་གྲངས་འབོར་དམིགས་ཚད་བཟོ་རྒྱུའི་བཀའ་མོལ་ཡོང་གི་རེད་དྲན་གྱི་འདུག དམིགས་ཚད་འཛིན་དུས་ཇི་ཙམ་(realistic)གནང་ཐུབ་པ་ཡིན་ན་བཟང་བ་ཡོད་རེད་དྲན་གྱི་འདུག ཕྱི་ལོ་༢༠༡༨ ནས་༢༠༡༩ ལོའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་ཚོགས་མི་གྲངས་སྟོང་ཕྲག་ཉི་ཤུ་རྩ་བཞི་དང་སུམ་བརྒྱ་ཙམ་ཡོད། ཕྱི་ལོ་༢༠༡༩ ནས་༢༠༢༠ ལོའི་ནང་ཚོགས་མི་སྟོང་ཕྲག་སུམ་ཅུ་ཟིན་ཐུབ་པའི་འབད་བརྩོན་གནང་དགོས།  དེ་ལྟར་ཡོང་བར་གཙོ་བོ་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་འབྲེལ་ཡོད་ཚན་པས་དེའི་ཐོག་དམིགས་ཚད་འཛིན་དགོས།”ཞེས་སོགས་གསུངས་སོང་།

མཇུག་ཏུ་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་ལྟ་སྐྱོང་ཚན་པའི་འགན་འཛིན་མི་འགྱུར་གཡུ་སྒྲོན་གྱིས་ཐུགས་རྗེ་ཆེ་ཞུའི་གཏམ་བཤམ་གནང་རྗེས་མཛད་སྒོ་གྲོལ་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༦༦༥ ཀློག་གྲངས།