དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་རིན་པོ་ཆེ་སྐུ་གྲོངས།

ཟླ་འདིའི་ཚེས་༢༩ ཉིན་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་རིན་པོ་ཆེ་ཨ་རི་ནས་སྐུ་གྲོངས་ཡོད་པ་དང་། བཙན་བྱོལ་བོད་གཞུང་གི་བཀའ་བློན་དང་།སྤྱི་འཐུས་ཚོགས་གཙོ། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ལས་འགན་བཞེས་མྱོང་ཡོད་པ་རེད། 

རྒྱ་རི་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་ནི་༡༩༤༨ ལོར་ཉག་རོང་དུ་ཡབ་རྒྱ་རི་ཉི་མ་བཟའ་ཟླ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། བཙན་བྱོལ་དུ་ཡོང་བ་དང་། ཕྱི་ལོ་༡༩༦༩ ལོ་ནས་གཞུང་ཞབས་ཁོངས་འཛུལ་ཞུགས་ཀྱིས་ཐོག་མ་ལྡི་ལི་དོན་གཅོད་ཁང་གི་དྲུང་གཞོན་དང་། རང་དབང་གསར་ཤོག་གི་ལས་བྱེད་པ། ཨིན་ཡིག་བོད་གནས་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་པ་གནང་མྱོང་ཡོད་པ་རེད།

ཕྱི་ལོ་ ༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་གསར་འཛུགས་གནང་མཁན་གྱི་གྲས་དང་། ཕྱི་ལོ་༡༩༨༠ ལོར་སྐབས་བདུན་པའི་བོད་མི་མང་སྤྱི་འཐུས་སུ་མདོ་སྟོད་ཁོངས་ནས་འདེམས་ཐོན་དང་། སྤྱི་འཐུས་ཚོགས་གཙོ་གནང་།

༡༩༨༠ ལོར་རྒྱ་ནག་གཞུང་དང་འབྲེལ་ལམ་འགོ་འཛུགས་བྱུང་བ་ནས་བཟུང་སྟེ་བོད་རྒྱ་གཉིས་ཀྱི་གྲོས་མོལ་བརྒྱུད་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་ལས་དོན་ལ་རྒྱ་རི་རིན་པོ་ཆེ་ཐད་ཀར་འབྲེལ་བ་བྱུང་ཡོད་ཅིང་། བཀའ་བློན་གྱི་ལས་ཁུར་བཞེས་པའི་རིང་ལ་བཙན་བྱོལ་བོད་མིའི་ཕྱི་འབྲེལ་ལས་དོན་ནུས་ཤུགས་ཆེ་རུ་གཏོང་རྒྱུའི་ཐུགས་འགན་གཙོ་བཞེས། ཕྱི་ལོ་༡༩༨༢ དང་༡༩༨༤ ལོ་སོ་སོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་པེ་ཅིང་དུ་གཏོང་གནང་མཛད་པའི་མི་གསུམ་ཡོད་ཁོངས་ནས་གཅིག་ཁོང་ཡིན་པ་དང་། ཕྱི་ལོ་༡༩༨༤ ལོར་དྲིལ་བསྒྲགས་དྲུང་ཆེ་ལས་འཕར་ལ་བསྐོ་གཞག་བསྩལ།

བོད་རྒྱ་ཞི་མོལ་ཚོགས་ཆུང་གི་ཚོགས་མི་དྭགས་པོ་བསོད་ནམས་ནོར་བུ། སྐུ་ཚབ་སྐལ་བཟང་རྒྱལ་མཚན། དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ། ༢༠༠༨།༡༡།༡༥

༡༩༩༡ ལོ་ནས་རྒྱ་རི་རིན་པོ་ཆེས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཚོགས་གཙོ་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ཐུགས་འགན་བཞེས་པའི་རིང་ལ་འཛམ་གླིང་སྤྱི་དང་། ལྷག་པར་ཨ་རིའི་སྲིད་འཛིན་བཞིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་དཀར་པོར་གདན་ཞུས་ཀྱིས་མཇལ་འཕྲད་གནང་རྒྱུར་འོག་གྲབས་ཀྱི་ལས་དོན་འགན་ཁུར་གཙོ་བཞེས་གནང་ཡོད་པར་མ་ཟད། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་སྲིད་དོན་ཚོགས་པ་གཉིས་ཀྱི་ཆེས་མཐོའི་དབུ་ཁྲིད་ཚོས་༧གོང་ས་མཆོག་དང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེར་བྱུང་ནས་བོད་ཀྱི་སྲིད་བྱུས་ཞེས་པའི་ཁྲིམས་ཡིག་བཞག་ཐུབ་པ་བཅས་ཀྱི་ཐོག་ཕྱག་ལས་གནང་།

༢༠༠༡ ལོ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་མཚན་གནས་ཐོག་ཏུ་རྒྱ་ནག་ལ་ཐེངས་དགུ་ཕེབས་པ་དང་། བོད་རྒྱའི་འབྲེལ་མོལ་གྱི་ཐོག་མཐའ་བར་གསུམ་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་དང་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ལམ་སྟོན་བཞིན་རྒྱ་ནག་གི་དཔོན་རིགས་མཉམ་གྲོས་མོལ་བརྒྱུད་བོད་དོན་བདེན་མཐའ་གསལ་ཐབས་སུ་འབད་བརྩོན་ཞུས།

ཕྱི་ལོ་༢༠༡༨ ཟླ་༡༠ ཚེས་༢༩ ཉིན་ཨ་རིར་སྐྲན་ནད་ཀྱི་རྐྱེན་གྱིས་འདས་གྲོངས་སོང་བ་དང་། ཚེས་༣༠ ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཐུགས་ཕམ་དང་སྦྲགས། དམ་པ་དེ་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྤྱི་སྨན་ཞབས་ཞུ་བསྒྲུབས་པར་ཡི་རངས་དང་རྗེས་དྲན་ཞུ་ཆེད་ཉིན་རྒྱབ་ཆུ་ཚོད་༢ པའི་སྟེང་གངས་སྐྱིད་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་བཀའ་དྲུང་རྫོང་ཁ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་དམ་པ་ཁོང་གི་ལོ་རྒྱུས་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་རྗེས་སྨོན་ལམ་འཚོགས་རྗེས། མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཕྱེད་ཡོལ་ཆུ་ཚོད་ ༣ ནས་དབུས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༢༨༢༡ ཀློག་གྲངས།