ཨ་རིའི་གྲོས་ཚོགས་ནང་རྒྱ་རི་རིན་པོ་ཆེར་ཆེ་མཐོང་ཆེད་བཞག་པའི་གྲོས་ཆོད།

ཨ་རིའི་གྲོས་ཚོགས་གོང་མས་རྒྱ་རི་བློ་གྲོས་རྒྱལ་མཚན་ལ་ཆེ་མཐོང་ཆེད་བཞག་པའི་གྲོས་ཆོད་ཨང་༥༥༧ པ།

འགྲན་ཟླ་བྲལ་བའི་༧གོང་ས་མཆོག་གི་བཀའ་ཡི་ཕོ་ཉ་དང་།   ནུབ་ཕྱོགས་སྲིད་གཞུང་ཁག་གི་བོད་དོན་རྒྱབ་སྐྱོར་ཐོབ་རྒྱུར་གཞན་དྲིང་མི་འཇོག་པའི་ནུས་རྩལ་འདོན་མཁན་རྒྱ་རི་རིན་པོ་ཆེ་འམ། རྒྱ་རི་ཚང་བློ་གྲོས་རྒྱལ་མཚན་ལགས་སྐུ་གཤེགས་པར་གུས་འདུན་ཞུ་བ་དང་མཉམ་དུ། སྤྱི་ལོ་༢༠༡༢ ལོར་ཨ་རིའི་གྲོས་ཚོགས་གོང་མས་རྒྱ་རི་བློ་གྲོས་རྒྱལ་མཚན་གྱི་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རིང་གནང་བའི་རླབས་ཆེན་གྱི་ཕྱག་ལས་ལ་ངོས་འཛིན་བྱེད་ཆེད་གྲོས་ཆོད་བཞག་པའི་ཡིག་ཆ་ཞིག་བོད་མི་རྣམས་ཀྱིས་མཐོང་རྒྱུའི་ཆེད་དུ་བོད་ཡིག་ནང་བསྒྱུར་བ་ཡིན། ཡིག་ཆ་འདི་ཡིས། ཁོང་གིས་ཕྱག་ལས་ཅི་འདྲ་གནང་ཡོད་པ་ཕྱོགས་སྡོམ་གསལ་པོ་བརྒྱབས་འདུག

བློ་གྲོས་རྒྱ་རིར་ཆེ་མཐོང་ཆེད་ཀྱི་གྲོས་ཚོགས་གོང་མའི་གྲོས་ཆོད་ཨང་༥༥༧ ཟེར་བ་དེ་གྲོས་ཚོགས་གོང་མའི་ཆབ་སྲིད་ཚོགས་པ་གཉིས་ཀའི་མཐུས་མི་ཚང་མས་ཁ་གཅིག་གྲག་གིས་སྤྱི་ལོ་༢༠༡༢ ལོའི་སྤྱི་ཟླ་དགུ་པའི་ཚེས་༢༠ ཉིན་རྒྱབ་སྐྱོར་གྱིས་གཏན་ལ་ཕབ་ཡོད་པ་རེད།

གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་གིས་སྐབས་དེར་སྤེལ་བའི་བསྒྲགས་གཏམ་ནང་། ཆེ་མཐོང་གི་ངོས་འཛིན་དེ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱིས་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ལས་འགན་ཁུར་ནས་བོད་མི་དམངས་ཀྱི་ཁྲིམས་མཐུན་ཐོབ་ཐང་དང་མངོན་འདོད་ཆེད་དུ་ཞབས་འདེགས་ཞུས་པར་ངོས་འཛིན་བྱེད་པ་ཞིག་ཡིན་པའི་འགྲེལ་བརྗོད་བྱས་ཡོད། གྲོས་ཆོད་དེ་བཞིན་ཐོག་མར་ལོ་དེའི་སྤྱི་ཟླ་དགུ་པའི་ཚེས་༡༣ ཉིན་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་གི་གཙོ་འཛིན་དང་ཨ་རིའི་སྲིད་འཛིན་འོས་མི་ཇྷོན་ཁེ་རེས་(John Kerry) ཀྱི་གྲོས་ཚོགས་ནང་ངོ་སྤྲོད་ཞུས་ཡོད་པ་དང་། སྐབས་དེར་ཁོང་གིས་བློ་གྲོས་རྒྱ་རི་ཡིས་ལོ་ཆུང་དུས་ནས་བོད་ནང་གི་བཙན་གནོན་གྱི་ལྕགས་རི་བཤིག་ཡོད་ལ། རིམ་བཞིན་ཁོང་ནུས་པ་ལྡན་པའི་བོད་མི་དམངས་ཀྱི་མགྲིན་ཚབ་པ་ཞིག་དང་། ༧གོང་ས་ཏཱ་ལའི་བླ་མའི་བློའི་ཐུབ་ཀྱི་སྐུ་ཚབ་གཅིག་ཏུ་གྱུར་ཡོད་ཅེས་དང་། ང་ཚོས་ཁོང་གིས་བོད་མི་དམངས་ཀྱི་རྩ་དོན་མཐོར་འདེགས་བྱས་པ་དང་། ཁོང་ཚོར་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐང་ཐོབ་རྒྱུ་དང་འགྲོ་བ་མིའི་ཐོབ་ཐང་། ཆེ་མཐོང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་ཆོས་ལུགས་ཀྱི་སྲོལ་རྒྱུན་བཅས་མཐའ་གཅིག་ཏུ་སྲུང་སྐྱོབ་ཡོང་རྒྱུའི་ཆེད་དུ་བྱས་པའི་ལས་དོན་ལ་ངོས་འཛིན་དང་ཆེ་མཐོང་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད།

གྲོས་ཚོགས་གོང་མའི་ནང་གྲོས་ཆོད་དེ་བཞིན་ངོ་སྤྲོད་བྱེད་མཁན་ཇྷོན་ཁེ་རེས་དང་མཉམ་དུ་གྲོས་ཚོགས་གོང་མའི་ཚོགས་མི་རི་ཆར་ཌི་ལུགྷར་(Richard Lugar) དང་། ཌའེན་ཧྥེན་སི་ཊེན་(Dianne Feinstein) པེ་ཊྲིག་ལེ་ཧེས་(Patrick Leahy) མརྐ་ཡུས་ཌོལ་(Mark Udall) ཇྷོ་ལེས་བྷར་མིན་(Joe Lieberman) ཇྷོན་མིག་ཁཱན་(John McCan) མརྐ་ཁརྐ་(Mark Kirk) བྷར་བྷ་ར་བྷོག་སར་(Barbara Boxer) བཅས་ཨ་རིའི་གྲོས་ཚོགས་གོང་མའི་ཆེའི་མཐོའི་གནད་ཡོད་མི་སྣ་རྣམས་ཡོད་པ་རེད།

གྲོས་ཆོད་ཀྱི་ཡི་ཆའི་ནང་བཀོད་དོན།

རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་༧གོང་ས་ཏཱ་ལའི་བླ་མའི་དམིགས་བསལ་སྐུ་ཚབ་ཡིན་པའི་ངོས་ནས་ཞུས་པའི་ཞབས་ཞུ་དང་། བོད་མི་དམངས་ཀྱི་ཁྲིམས་མཐུན་ཐོབ་ཐང་དང་མངོན་འདོད་གོང་འཕེལ་བཏང་བར་ངོས་འཛིན་ཞུ་རྒྱུར།

འདི་ལྟར་ཏེ།      སྤྱི་ལོ་༡༩༤༩ ལོར་ཁམས་ཉག་རོང་དུ་འཁྲུངས་པའི་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ནི་བོད་ཀྱི་ནང་ཆོས་ཀྱི་ལུགས་སྲོལ་ལྟར་ཆུང་དུས་སྤྲུལ་སྐུའི་ཡང་སྲིད་ལ་ངོས་འཛིན་བྱུང་སྟེ། དགུངས་ལོ་བཞི་ཡི་ཐོག་ལ་ད་སྐབས་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ས་ཁུལ་གྱི་ཁུངས་སུ་ཡོད་པའི་ཀླུ་མོ་རབ་དགོན་པའི་ནང་སློབ་གཉེར་གནང་འགོ་བཙུགས་ཡོད།

འདི་ལྟར་ཏེ།      སྤྱི་ལོ་༡༩༥༨ ལོར་དགུངས་ལོ་དགུ་ཡི་སྐབས་སུ་རྒྱ་ནག་མི་དམངས་བཅིང་བཀྲོལ་དམག་གི་དཔུང་འཇུག་བྱུང་བར་བློ་གྲོས་རྒྱ་རི་ནང་མི་དང་མཉམ་དུ་ཉག་རོང་ནས་བྲོས་བྱོལ་དུ་ཕེབས་ཡོད་ཅིང། ཁོང་གིས་མོ་བརྒྱབས་ནས་ཁོང་རྣམས་རྒྱ་གར་ནང་བདེ་ཐང་ངང་འབྱོར་ཡོད་པའི་ཤོད་སྲོལ་ཡོད་པ་རེད།

འདི་ལྟར་ཏེ། བཙན་བྱོལ་ནང་ཁོང་གིས་ཆུང་དུས་ནས་རྒྱ་མིའི་བོད་ནང་བཙན་གནོན་ལ་མི་ཚེ་ཧྲིལ་པོར་འཐབ་རྩོད་བྱེད་རྒྱུའི་ལས་དོན་གནང་རྒྱུ་འགོ་བཙུགས་ཏེ། བོད་མིའི་རང་དབང་གསར་ཁང་གི་རྩོམ་སྒྲིག་པ་དང་། བཙན་བྱོལ་བོད་པའི་དབྱིན་ཡིག་དུས་དེབ་ཐེངས་དང་པོ་སྟེ། བོད་གནས་སྐྱར་ཞིབ་གསར་འཛུགས་བྱས་པ།            དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་འཛུགས་མཁན་གྱི་མི་སྣ་ཞིག་ཀྱང་རེད།

འདི་ལྟར་ཏེ། དེ་རྗེས་ཁོང་གིས་༧གོང་ས་ཏཱ་ལའི་བླ་མའི་དབུས་བོད་མིའི་སྒྲིགས་འཛུགས་༼*༽ནང་སྤྱི་དམངས་ཞབས་ཞུའི་ལས་འགན་ཁུར་ནས།  བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ཆོས་རིག་ལྷན་ཁང་དང་འཕྲོད་བསྟེན་ལྷན་ཁང་གི་བཀའ་བློན་ལས་རོགས། དེ་རྗེས་ཕྱི་འབྲེལ་དང་དྲིལ་བསྒྲགས་ལྷན་ཁང་གི་བཀའ་བློན་བཅས་གནང་ཡོད།

འདི་ལྟར་ཏེ།      སྤྱི་ལོ་༡༩༩༡ ལོར་བློ་གྲོས་རྒྱ་རི་ཨ་མི་རི་ཁ་མངའ་སྡེ་གཅིག་སྒྲིལ་རྒྱལ་ཁབ་ནང་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ལས་འགན་ཁུར་ནས་ཕེབས་ཡོད་ཅིང་། དེ་ནས་དུས་ཚོད་རིང་པོ་མ་སོང་བར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགོ་འཛིན་དུ་འདེམས་ཐོན་བྱུང་ཡོད།

འདི་ལྟར་ཏེ། ལོ་རབ་གསུམ་གྱི་རིང་ལ་བློ་གྲོས་རྒྱ་རི་ཡིས་འཛམ་གླིང་ས་ཕྱོགས་གང་སར་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཁག་དང་སྲིད་དོན་འབྲེལ་ལམ་པ་ཁག་དང་ཐུག་འཕྲད་བྱས་ཡོད་ཅིང་། ཨ་མི་རི་ཁ་མངའ་སྡེ་གཅིག་སྒྲིལ་རྒྱལ་ཁབ་དང་དེ་མིན་རྒྱལ་ཁབ་ཁག་གི་གྲོས་ཚོགས་ཀྱི་ཚོགས་མི་རྣམས་དང་ཐུག་སྟེ། ༡། བོད་མིའི་ངོས་ནས་རྒྱ་ནག་ལ་ངོས་འཛིན་ཅི་འདྲ་བྱེད་ཀྱི་ཡོད་པའི་སྐོར་གསལ་སྟོན་དང་། ༢། སྲིད་གཞུང་ཁག་ནས་རྒྱབ་སྐྱོར་ཐོབ་རྒྱུའི་ཐབས་ཇུས་དང་སྲིད་ཇུས་སྐུལ་འདེད་བཏང་བ། ༣། ཏཱ་ལའི་བླ་མའི་དབུ་མའི་ལམ་གྱི་ལྟ་གྲུབ་ཀྱི་རྒྱུད་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ཏུ་མིང་དོན་མཚུངས་པའི་རང་སྐྱོང་གི་ངོ་བོའི་འོག་ནས་རྒྱ་བོད་མི་དམངས་བར་ཞི་འཆམས་ཡོང་ཐབས་ལ་འགྲེལ་བརྗོད་གནང་རྒྱུ་དང་། ༤།  ཁྱོན་ཡོངས་ནས་ཏཱ་ལའི་བླ་མའི་མཐོ་རིམ་སྐུ་ཚབ་ཀྱི་ངོས་ནས་ཁོང་གིས་ཐབས་རྩལ་ལྡན་པའི་ཐོག་ནས་བོད་ཀྱི་སྲིད་དོན་འབྲེལ་ལམ་པ་ཞིག་གནང་ཡོད།

འདི་ལྟར་ཏེ། ཁོང་གིས་ཝ་ཤིང་ཊོན་དུ་དམིགས་བསལ་སྐུ་ཚབ་གནང་རིང་། གྲོས་ཚོགས་ནང་བོད་དང་འབྲེལ་བའི་སྲིད་ཇུས་དང་ལས་དོན་མང་པོར་ཐག་བཅོད་བྱུང་ཡོད་པ་དེ་ཡིས། བོད་ཀྱི་གནད་དོན་དེ་བཞིན་ཨ་མི་རི་ཁ་མངའ་སྡེ་གཅིག་སྒྲིལ་རྒྱལ་ཁབ་ཀྱི་སྲིད་གཞུང་ནང་རྩ་འཛུགས་ཡོང་རྒྱུར་ཞབས་ཞུ་བསྒྲུབས་ཡོད་ལ། དེའི་གྲས་ཀྱི་མངོན་གསལ་དོད་ཤོས་ཤིག་ནི་ཕྱི་སྲིད་ལྷན་ཁང་ནང་བོད་ཀྱི་གནད་དོན་ཆེད་ཀྱི་དམིགས་བསལ་འབྲེལ་མཐུད་པ་གསར་འཛུགས་དང་བོད་མི་སྐྱབས་བཅོལ་བར་རོགས་སྐྱོར་བྱུང་ཡོད།

འདི་ལྟར་ཏེ།      སྤྱི་ལོ་༡༩༩༩ ལོར་བློ་གྲོས་རྒྱ་རི་ཨ་མི་རི་ཁ་མངའ་སྡེ་གཅིག་སྒྲིལ་རྒྱལ་ཁབ་ཀྱི་མི་སེར་ཆགས་ཡོད།

འདི་ལྟར་ཏེ། སྤྱི་ལོ་༡༩༩༨ ལོའི་སྤྱི་ཟླ་ལྔ་པའི་ནང་༧གོང་ས་ཏཱ་ལའི་བླ་མས་དམིགས་བསལ་སྐུ་ཚབ་བློ་གྲོས་རྒྱ་རི་ལ་རྒྱ་ནག་གཞུང་དང་མཉམ་དུ་བོད་ཀྱི་གནད་དོན་ཐད་ལ་འབྲེལ་བ་སྐྱར་མཐུད་བྱེད་མཁན་གཙོ་བོའི་འགན་ཁུར་གནང་རྒྱུའི་ཆོག་མཆན་གནང་ཡོད།

འདི་ལྟར་ཏེ། སྤྱི་ལོ་༢༠༠༢ ལོའི་སྤྱི་ཟླ་དགུ་པ་ནས་སྤྱི་ལོ་༢༠༡༠ ལོའི་སྤྱི་ཟླ་དང་པོ་བར་བློ་གྲོས་རྒྱ་རི་ཡིས་ཏཱ་ལའི་བླ་མའི་གྲོས་མོལ་ཚོགས་ཆུང་གི་འགོ་ཁྲིད་ནས་གཞུང་འབྲེལ་གྱིས་རྒྱ་ནག་གི་འགོ་ཁྲིད་ཁག་དང་མཉམ་དུ་ཐེངས་དགུ་ཐུག་འཕྲད་ཀྱིས་དཀའ་ངལ་འཛེམས་མེད་དང་ཐབས་རྩལ་ཧ་ཅང་ཆེན་པོས་འབད་བརྩོན་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གུས་བརྩི་ཐོབ་ཡོད།

འདི་ལྟར་ཏེ། བློ་གྲོས་རྒྱ་རི་ཡིས་རྒྱ་ནག་གཞུང་ལ་བོད་མི་དམངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་ཞིབ་ཕྲའི་ཚིག་ཐོ་སྤྲད་དེ་བོད་ཀྱི་ཕྱོགས་ནས་བོད་ཀྱི་གནད་དོན་སེལ་རྒྱུའི་ཐབས་ལམ་སྟོན་པ་དང་། རྒྱ་ནག་གི་རྩ་ཁྲིམས་དང་རང་སྐྱོང་གི་ཁྲིམས་ལུགས་ཀྱི་སྒྲོམ་གཞིའི་འོག་མིག་རྒྱང་རིང་པོའི་ཆབ་སྲིད་ཀྱི་ཐབས་ལམ་བསྟན་ཡོད།

འདི་ལྟར་ཏེ། ཏཱ་ལའི་བླ་མར་ཞབས་ཞུ་སྒྲུབ་ཆེད། བློ་གྲོས་རྒྱ་རི་ཡིས་འཛམ་གླིང་རྒྱལ་ཁབ་ཁག་གི་རྒྱལ་ས་ཁག་ནང་བསྐྱོད་ནས་བོད་མི་དམངས་ཀྱི་ཐོབ་ཐང་སྲུང་སྐྱོབ་དང་ཁོང་ཚོའི་མྱོང་བཞིན་པའི་བཙན་གནོན་ལས་ཐར་ཐུབ་རྒྱུ་ཡིན་པའི་རེ་བའི་ཚབ་མཚོན་པར་བྱས་ཡོད།

འདི་ལྟར་ཏེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་བོད་མི་དམངས་ཀྱི་མངོན་འདོད་ཆེད་དུ་གྲོས་མོལ་བྱས་ཏེ། དཀའ་ངལ་ཆེན་པོར་གདོང་ལེན་གནང་སྐབས། བློ་གྲོས་རྒྱ་རི་ཡིས་བློ་སྟོབས་དང་རྣམ་དཔྱོད། གཞན་འདྲིང་མི་འཇོག་པའི་ཐབས་ཇུས་བཅས་རྩལ་དུ་བཏོན་པ་དང་། དེ་ཡང་ཚུལ་ལྡན་དང་རྒྱུ་མཚན་ལྡན་པའི་ཐོག་ནས་བོད་དང་རྒྱ་ནག་གི་འགོ་ཁྲིད་བར་ཕྱོགས་གཉིས་ཀའི་གོ་ཤེས་ཐུབ་པའི་ལས་དོན་གནང་ཡོད།

འདི་ལྟར་ཏེ། བློ་གྲོས་རྒྱ་རི་ཡིས་༧གོང་ས་ཏཱ་ལའི་བླ་མའི་བོད་མིའི་ནུས་པ་གོང་མཐོར་གཏོང་ཆེད་ཁོང་གི་ཆབ་སྲིད་ཀྱི་སྐུ་དབང་མི་དམངས་ཀྱིས་འོས་འདེམ་བྱས་པའི་བོད་མིའི་འགོ་ཁྲིད་ལ་གནང་བའི་སྤྱན་རྒྱང་རིང་པོའི་ཤེས་རབ་ལ་ངོས་འཛིན་ཞུས་ཡོད།

འདི་ལྟར་ཏེ། སྤྱི་ལོ་༢༠༡༢ ལོའི་སྤྱི་ཟླ་དྲུག་པའི་ཚེས་གཅིག་ཉིན་བློ་གྲོས་རྒྱ་རི་ཡིས། བོད་ནང་གི་གནས་སྟངས་སྡུག་ཏུ་སོང་བ་དང་བོད་མི་མང་པོའི་རང་ལུས་མེར་སྲེག་གཏོང་བའི་གནས་ཚུལ་སོགས་བྱུང་བ་དང་ལོ་བཅུ་མ་ཟིན་ཙམ་རིང་རྒྱ་ནག་ལ་འབྲེལ་མོལ་བྱས་ཀྱང་རྒྱ་ནག་གི་ཕྱོགས་ནས་ཡར་རྒྱས་ཀྱི་གོམ་པ་མ་སྤོས་པར་བློ་ཕམ་ཆེན་པོ་བྱུང་ཡོད་པའི་གསལ་བཤད་དང་སྦྲགས། བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་ཀྱིས་ལས་འགན་ཁུར་བའི་སྐབས་དང་བསྟུན་ནས་དམིགས་བསལ་སྐུ་ཚབ་ཀྱི་ལས་འགན་ནས་དགོངས་ཞུ་ཞུས་པ་རེད།

དེར་རྟེན། ད་ལྟ་གྲོས་ཚོགས་གོང་མ་ཡིས་ཐག་བཅོད་བྱེད་རྒྱུར།

༡། རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་༧གོང་ས་ཏཱ་ལའི་བླ་མའི་དམིགས་བསལ་སྐུ་ཚབ་ཀྱི་ཞབས་ཞུ་བསྒྲུབས་པར་ཆེ་མཐོང་ཞུ་རྒྱུ།

༢། རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་རྒྱལ་སྤྱིའི་མཉམ་འབྲེལ་གྱི་བོད་དོན་རྒྱབ་སྐྱོར་ཐོབ་པ་བྱས་པའི་གྲུབ་འབྲས་ལ་བསྔགས་བརྗོད་ཞུ་རྒྱུ། ཀ། བོད་ཀྱི་མཐུན་མོང་མ་ཡིན་པའི་རིག་གཞུང་དང་ཆོས་ལུགས། སྲོལ་རྒྱུན་བཅས་སྲུང་སྐྱོབ། ཁ། རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་བོད་མི་རྣམས་ལ་ཁོང་ཚོའི་རང་གི་ངོ་བོ་དང་ཆེ་མཐོང་བཅས་སྲུང་སྐྱོབ་ཡོང་རྒྱུ་ཐོབ་ཐང་ཡོད་པ་དང་། མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་འོག་ནས་བོད་མིའི་ཐོབ་ཐང་དེ་རྣམས་ཡོངས་སུ་སྲུང་སྐྱོབ་ཡོང་བ་བྱེད་རྒྱུ།

༣། རྒྱ་རི་བློ་གྲོས་རྒྱལ་མཚན་ཁོང་ཉིད་ཨ་མི་རི་ཁའི་མི་སེར་ཆགས་པའི་མི་ཞིག་ཡིན་པའི་ཆ་ནས། ཨ་མི་རི་ཁ་མངའ་སྡེ་གཅིག་སྒྲིལ་རྒྱལ་ཁབ་ནང་བོད་མི་དམངས་དང་ཁོང་ཚོའི་རིག་གཞུང་། ཆོས་ལུགས། ཁོང་ཚོའི་མིང་དོན་མཚུངས་པའི་རང་སྐྱོང་ཆེད་ཀྱི་འཐབ་བརྩོད། འགྲོ་བ་མིའི་ཐོབ་ཐང་། ཆེ་མཐོང་། མཐུན་མིན་གྱི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས། སྲོལ་རྒྱུན་བཅས་སྲུང་སྐྱོབ་བྱེད་རྒྱུའི་སྐོར་ལ་ངེས་ཤེས་གོང་མཐོར་གཏོང་རྒྱུར་ལས་འགན་ཁུར་བ་དེར་ངོས་འཛིན་ཞུ་རྒྱུ།

༤། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་ཚན་དུ་བོད་མི་དམངས་ཀྱི་དངོས་ཡོད་དཀའ་སྡུག་དང་མངོན་འདོད་ལྟར་བོད་ཀྱི་ཆབ་སྲིད་ཀྱི་དཀའ་ངལ་སེལ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་ཞུ་རྒྱུ།།            །།

གོང་ཞུས་ཀྱི་ཡིག་ཆ་དེ་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་གིས་སྐབས་དེར་སྤེལ་བའི་ཡིག་ཆ་ལས་བསྒྱུར་བ་ཡིན།  

མཆན། འདི་མ་ཡིག་ལྟར་ཐད་བསྒྱུར་བྱེད་རྒྱུའི་འབད་བརྩོན་ཅི་ཡོང་བྱས་ནས་མྱུར་བསྒྱུར་ཞུས་པ་ཞིག་ཡིན་པས་ནོར་འཁྲུལ་ཙག་ཙིག་བྱུང་སྲིད་པ་ངོས་འཛིན་ཞུ་རྒྱུ་ཡིན། འདིའི་ནང་ “འདི་ལྟར་ཏེ” ཞེས་བྲིས་པ་འདི་ནི།   དབྱིན་ཇིའི་ནང་Whereas ཟེར་བ་གཞུང་འབྲེལ་གྱི་གྲོས་ཆོད་དང་ཁྲིམས་ཡིག་ནང་འབྲི་སྲོལ་ཡོད་པ་དེ་རང་འཇགས་སུ་བསྒྱུར་བ་ཞིག་ཡིན། དེ་བཞིན་དབྱིན་ཇིའི་ནང་ཁོང་ལ་བློ་གྲོས་རྒྱ་རི་ཞེས་འབོད་ཀྱི་ཡོད་པ་ལྟར་ཡིག་ཆ་དེའི་ནང་ཁོང་གི་མཚན་མང་ཆེ་བ་དེ་ལྟར་བརྗོད་འདུག་པ་དེ་ཡང་སོར་གནས་སུ་བཞག་པ་ཡིན། དེ་བཞིན་“དབུས་བོད་མིའི་སྒྲིགས་འཛུགས་”ཟེར་བ་དེ་ཨ་རིའི་གྲོས་ཚོགས་གོང་མས་ཁོང་ལ་ཆེ་མཐོང་ངོས་འཛིན་གྱི་གྲོས་ཆོད་བཞག་པའི་སྐབས་སུ་ཡོད་པར་བརྟེན་ནས་དེ་ལྟར་བྲིས་པ་ཞིག་ཡིན་པར་སྙམ།

གོང་ཞུས་ཀྱི་ཨ་རིའི་གྲོས་ཚོགས་གོང་མས་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེར་ཆེ་མཐོང་ངོས་འཛིན་གྱིས་གྲོས་ཆོད་བཞག་རྗེས། ཨ་རིའི་བོད་དོན་རྒྱབ་སྐྱོར་བ་རེས་ཅར་གྷི་རེར་ལགས་ཀྱིས། གྲོས་ཚོགས་གོང་མ་ཡིས་རང་གི་མི་ཚེའི་རིང་ལ་༧གོང་ས་ཏཱ་ལའི་བླ་མ་དང་བོད་མི་དམངས་ལ་ཞབས་ཕྱི་སྒྲུབ་རྒྱུར་མི་ཚེ་བློས་གཏོང་བྱེད་མཁན་ཞིག་ལ་རྗེས་དྲན་ཧ་ཅང་བཟང་པོ་ཞིག་བྱས་སོང་ཞེས་བརྗོད་ཡོད།

ཡང་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་མི་ཞིག་གིས་༼ད་ལྟ་ལམ་སང་སུ་ཡིན་དྲན་མ་སོང་༽ཨ་རིའི་གྲོས་ཚོགས་གོང་མའི་ནང་ཚོགས་མི་༡༠༡ ཡོད། གཅིག་དེ་ནི་རྒྱ་རི་བློ་གྲོས་རྒྱལ་མཚན་རེད་ཅེས་རྩེད་མོ་དང་མཉམ་དུ་བརྗོད་ཡོད་པ་དེ་ཡིས། རྒྱ་རི་རིན་པོ་ཆེ་ཡིས་ཨ་རིའི་གྲོས་ཚོགས་ནང་ཤུགས་རྐྱེན་ཆེན་པོ་ཅི་ཙམ་སྤྲོད་ཐུབ་ཡོད་པ་མངོན་ཡོད།

ཁོང་གི་བྱས་རྗེས་དེ་བོད་མི་རྣམས་ཀྱིས་རྗེས་དྲན་ཞུ་དགོས་པ་ཞིག་ཡིན་ཞིང་། དེ་ཡང་འདི་ནི་འགྲོ་བ་མིའི་བཟང་སྤྱོད་ཀྱི་ཆ་ཤས་ཤིག་ཡིན་པ་ཙམ་མ་ཚད། ཁོང་ལྟ་བུའི་བོད་མི་འཇོན་ཐང་དང་བོད་ཀྱི་ཆེད་དུ་བཞག་པའི་མཛད་རྗེས་དེ་ཆབ་སྲིད་ཀྱི་ལྟ་ཚུལ་གང་ཡིན་མིན་ལ་མ་ལྟོས་པར་མ་འོང་བོད་ཀྱི་མི་རབས་གསར་པ་ཚོས་བློ་སྤོབས་ཀྱི་འབྱུང་ཁུངས་ཤིག་ཆགས་རྒྱུ་ཡིན་པར་བརྟེན། ང་ཚོས་ངེས་པར་ཁོང་གི་བྱས་རྗེས་འདི་དག་འཐེན་འཁྱེར་གྱི་གད་རོའི་འོག་ཏུ་སྦས་མི་འཇུག་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་། དེ་ལྟར་ན་ཡང་ང་ལྟ་བུའི་མི་བློ་ཆུང་ཞིག་གིས་ཁོང་ལྟ་བུའི་མི་ཆེན་པོའི་མཛད་རྗེས་ཀྱི་ཚད་ཡོངས་སུ་རྫོགས་པ་མཐོང་མི་ཐུབ་པ་དང་། ལྷག་པར་དུ་དེང་སྐབས་བཙན་བྱོལ་བོད་མིའི་ཁྲོད་དུ་མི་བྱས་རྗེས་ཆེ་ཆུང་དང་ཤེས་ཡོན་ཆེ་ཆུང་། ལྷག་བསམ་ཆེ་ཆུང་བཅས་ཚང་མ་རང་གི་དགའ་མི་དགའི་བསམ་བློས་ཐག་བཅོད་བྱེད་ས་ཞིག་ཆགས་ཡོད་པར་བརྟེན། བོད་མིའི་ཁོར་ཡུག་གི་ཕྱི་རོལ་དུ་ཡོད་པའི་ཨ་རིའི་གྲོས་ཚོགས་གོང་མའི་ཁོང་གི་ལས་དོན་ཅི་འདྲ་བྱས་ཡོད་པའི་ཐད་ལ་ཐག་བཅོད་ཅི་བྱས་པ་དང་། དེ་ཡང་ཆེ་མཐོང་ཆེན་པོའི་གྲོས་ཚོགས་གོང་མའི་གྲོས་ཆོད་ཀྱང་བཞག་པ་འདི་ནི་༧གོང་ས་མཆོག་གོང་དུ་ཕུད་པའི་བོད་མི་ཞིག་གི་ཆེད་དུ་བཞག་པའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཡིན་པར་བརྟེན། འདི་ནི་ལྷད་མེད་ཀྱི་མི་བུ་རྣམས་ལ་རྡུལ་མེད་ཀྱི་མེ་ལོང་ཞིག་རེད་བསམ་ནས་བསྒྱུར་ཁུལ་ཞུས་པ་ཡིན།

རོང་པོ་སྦྲ་རྒན་ཚང་བསྟན་འཛིན་ཕུན་ཚོགས་ཀྱིས།  སྤྱི་ལོ་༢༠༡༨ ལོའི་སྤྱི་ཟླ་༡༠ པའི་ཚེས་༣༠ ཉིན་ཝ་ཤིང་ཊོན་ནས།

 

 

 

Share this:
༣༠༧ ཀློག་གྲངས།