འཇར་མན་སྲིད་བློན་ལྕམ་མེར་ཁེལ་སྲིད་དོན་ཚོགས་པའི་འགོ་ཁྲིད་ནས་དགོངས་པ་ཞུ་རྒྱུ།

ལོ་མང་རིང་འཇར་མན་གྱི་སྲིད་བློན་དང་ཡུ་རོབ་མཐུན་ཚོགས་ཀྱི་འགོ་ཁྲིད་ཀྱི་ལས་ཁུར་བྱེད་མཁན་ལྕམ་མེར་ཁེལ་གྱིས། སླེབས་ལ་ཉེ་བའི་ཁོང་གི་སྲིད་དོན་ཚོགས་པ་ཡེ་ཤུ་མང་གཙོ་ཚོགས་པའི་འགོ་ཁྲིད་ཀྱི་འོས་བསྡུར་འོས་འགྲན་བྱེད་རྒྱུ་མིན་པའི་གསལ་བསྒྲགས་བྱེད་དགོས་འཁེལ་འདུག

དེ་ཡང་ཁོང་གི་སྲིད་དོན་ཚོགས་པ་དང་དེའི་ཟླ་སྒྲིལ་ཚོགས་པར། མངའ་སྡེ་ཁག་གི་འོས་བསྡུར་ཕམ་ཉེས་བྱུང་བཞིན་པས་ཡིན་འདུག  ཡུ་རོབ་དང་འཇར་མན་གྱི་ཆབ་སྲིད་ཁོར་ཡུག་ནང་། མི་རིགས་རིང་ལུགས་དང་དབྱེ་འབྱེད་ཀྱི་སྲིད་བྱུས་འཛིན་མཁན་དག་ལ། ད་བར་ཁ་གཏད་གཅོག་མཁན་ལྕམ་ཁོང་མེད་པའི་དུས་སྐབས་ནང་། གནས་སྟངས་སྡུག་ཏུ་འགྲོ་བའི་ཉེན་ཁ་ཡོད་ཚོད་འདུག

ཟླ་༡༠ པའི་ཚེས་༢༨ ཉིན་འཇར་མན་གྱི་མངའ་སྡེ་ཧཱེ་སིའི་གྲོས་ཚོགས་འོས་བསྡུ་བྱས་འདུག་པ་དང་། འོས་བསྡུའི་གྲུབ་དོན་དུ་གཞུང་འཛིན་སྲིད་དོན་ཚོགས་པ་ཡེ་ཤུ་མང་གཙོ་ཚོགས་པ་དང་དེའི་ཟླ་སྒྲིལ་ཚོགས་པ་གཉིས་ལ། སྐབས་སྔོན་མའི་འོས་བསྡུ་དང་བསྡུར་ན་འོས་གྲངས་བརྒྱ་ཆ་༡༠ ཡིས་ཉུང་དུ་ཕྱིན་ཡོད་འདུག་པ་དང་། བདུན་ཕྲག་གཅིག་གི་སྔོན་དུ་གཞུང་འཛིན་ཚོགས་པའི་མཐུན་ཕྱོགས་སྲིད་དོན་ཚོགས་པ་གཞན་ཞིག་ལ་མངའ་སྡེའི་འོས་བསྡུར་ཕམ་ཉེས་ཆེན་པོ་བྱུང་ཡོད་འདུག རྒྱུ་མཚན་དེ་དག་ལ་བརྟེན་ནས་འཇར་མན་གྱི་སྲིད་དོན་ཚོགས་པ་ཆེ་ཤོས་ཡེ་ཤུ་མང་གཙོ་ཚོགས་པའི་འགོ་ཁྲིད་ལྕམ་མེར་ཁེལ་ལ་གནོན་ཤུགས་ཆེན་པོ་སླེབས་བཞིན་ཡོད་ཁར། ཁོང་གིས་སྐྱབས་བཅོལ་བ་ས་ཡ་མང་པོ་འཇར་མན་ནང་དུ་དང་ལེན་བྱས་པར་བརྟེན། རྙིང་ཞེན་རིང་ལུགས་པ་ཚོས་སྐྱོན་བརྗོད་དང་མི་མང་ཁོང་གི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་དུ་འགྲོ་བཞིན་པའི་རྣམ་པ་ཐོན་བཞིན་ཡོད་པས། ལྕམ་མེར་ཁེལ་གྱིས་སླེབས་ལ་ཉེ་བའི་ཟླ་༡༢ ནང་གི་ཡེ་ཤུ་མང་གཙོ་ཚོགས་པའི་འགོ་ཁྲིད་ཀྱི་འོས་བསྡུར་འོས་འགྲན་མི་བྱེད་པར་དགོངས་པ་ཞུ་རྒྱུ་ཡིན་པ་དང་། ཕྱི་ལོ་༢༠༢༡ ལོར་ཁོང་གི་སྲིད་བློན་གྱི་ལས་ཡུན་རྫོགས་སྐབས་བསྐྱར་དུ་སྲིད་བློན་དུ་འོས་འགྲན་བྱེད་རྒྱུ་མིན་སྐོར་གསལ་བསྒྲགས་བྱས་འདུག

དེ་ཡང་ཕྱི་ལོ་༢༠༡༧ ལོའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་སྐབས་ནས་སྐྱབས་བཅོལ་བར་དགག་བྱ་ཆེན་པོ་བྱེད་མཁན་དང་མི་རིགས་རིང་ལུགས་འཛིན་མཁན་གྱི་སྲིད་དོན་ཚོགས་པ་ཁག་ལ། མི་མང་ནང་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་རུ་འགྲོ་བཞིན་པ་དང་བསྟུན། རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་དང་མངའ་སྡེ་ཁག་གི་གྲོས་ཚོགས་འོས་བསྡུའི་ནང་གཞུང་འཛིན་ཚོགས་པ་དང་དེའི་ཟླ་སྒྲིལ་ཚོགས་པ་ཁག་གི་འོས་གྲངས་སྐབས་སྔོན་མ་ལས་ཉུང་དུ་འགྲོ་བཞིན་འདུག་པས། གཞུང་འཛིན་ཚོགས་པའི་སྲིད་བྱུས་དང་འགོ་ཁྲིད་ཀྱི་རྣམ་པ་གསར་པ་ཞིག་ཐོན་པ་བྱ་རྒྱུ་ཛ་དྲག་ཆགས་ཡོད་འདུག་པས། ཕྱི་ལོ་༢༠༠༠ ལོ་ནས་ཡེ་ཤུ་མང་གཙོ་ཚོགས་པའི་འགོ་ཁྲིད་དང་ཕྱི་ལོ་༢༠༠༥ ལོ་ནས་འཇར་མན་གྱི་སྲིད་བློན་ལས་ཁུར་བྱེད་མཁན་ལྕམ་མེར་ཁེལ་གྱིས། སྲིད་དོན་ཚོགས་པ་དེ་དང་དེའི་ཟླ་སྒྲིལ་ཚོགས་པ་ཁག་གི་གྲུབ་འབྲས་དང་ཕམ་ཉེས་ཚང་མར་ཁོང་གི་འགན་ལེན་བྱེད་ཀྱི་ཡོད་པ་དང་། མི་མང་གིས་གཞུང་གི་ལས་དོན་བྱེད་ཕྱོགས་ལ་ལྟ་ཚུལ་གང་འདྲ་ཡོད་མེད་ལན་འདེབས་གསལ་པོ་བྱེད་དུས། ད་ལྟའི་འགྲོ་སྟངས་མུ་མཐུད་འགྲོ་ཐུབ་རྒྱུ་མེད་པ་གསལ་པོ་ཆགས་ཡོད་པས། དུས་སྐབས་གསར་པ་ཞིག་འགོ་འཛུགས་བྱེད་པའི་དུས་ལ་སླེབས་ཡོད་སྐོར་བརྗོད་འདུག

དཔྱད་བརྗོད་ཁག་ནང་ད་བར་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་ནང་ཨ་རི་དང་ཨུ་རུ་སུ། རྒྱ་ནག་བཅས་ཀྱི་དབང་ཤུགས་རྒྱ་བསྐྱེད་དང་། མི་རིགས་རིང་ལུགས་དང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་ཀྱི་སྲིད་བྱུས་སོགས་ལ་ཁ་གཏད་ནན་པོ་གཅོག་མཁན་ལྕམ་མེར་ཁེལ་གྱི་འགོ་ཁྲིད་ནུས་པ་མེད་པ་ཆགས་དུས། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་དང་ལྷག་པར་དུ་ཡུ་རོབ་མཐུན་ཚོགས་ཀྱི་བརྟན་ལྷིངས་དང་ཆིག་སྒྲིལ་གྱི་ནུས་པ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་སྐོར་བརྗོད་བཞིན་འདུག

ཁོང་གི་རྗེས་འཇུག་འགོ་ཁྲིད་འོས་མི་རྣམས་ནི་རྙིང་ཞེན་པའི་ལྟ་བར་ཕྱོགས་མཁན་ཡིན་འདུག་པས། རྒྱལ་སྤྱིའི་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མིན་གྱི་ཐེ་ཚོམས་ཆེན་པོ་འདུག་པས། མ་འོངས་པར་ཡུ་རོབ་མཐུན་ཚོགས་ཀྱི་འགོ་ཁྲིད་འཇར་མན་རྒྱལ་ཁབ་ཀྱི་ཆབ་སྲིད་གནས་བབ་ལ་བརྟེན་ནས། ཡུ་རོབ་ནང་གི་སྲིད་བྱུས་དང་ཡུ་རོབ་དང་རྒྱལ་ཁབ་གཞན་གྱི་འབྲེལ་ལམ་སྲིད་བྱུས་ལ་འགྱུར་བ་ཆེན་པ་འགྲོ་ཉེན་ཡོད་འདུག  དཔྱད་བརྗོད་པ་ཁག་ཅིག་གིས་ད་ལྟའི་ཆར་ཡུ་རོབ་ནང་ཁོང་གི་ཚབས་ཏུ་ལས་དོན་བྱེད་འོས་པའི་འགོ་ཁྲིད་མེད་སྐོར་བརྗོད་ཀྱི་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༨༠༡ ཀློག་གྲངས།