མའོ་རིང་ལུགས་ཀྱི་དྲག་རྒོལ་ཁྲོད་ཉེན་རྟོག་པ་དང་གསར་འགོད་པ་བསད་ཡོད་འདུག

ཕྱི་ཟླ་༡༠ པའི་ཕྱི་ཚེས་༣༠ ཉིན་རྒྱ་གར་གྱི་མངའ་སྡེ་ཆཱ་ཏི་སི་གྷར་ལ། མའོ་རིང་ལུགས་ཀྱི་དྲག་རྒོལ་བྱས་ནས། རྒྱ་གར་རྒྱལ་ཡོངས་ཀྱི་རླུང་འཕྲིན་ཁང་དྷུར་དྷར་ཤཱན་གྱི་པར་པ་ཞིག་དང་ཉེན་རྟོག་པ་གཉིས་བསད་ཡོད་འདུག་པ་དང་། མངའ་སྡེ་འདིའི་ནང་མའོ་རིང་ལུགས་པས་དྲག་རྒོལ་ཡང་ཡང་བྱེད་ཀྱི་ཡོད་འདུག

དྲག་རྒོལ་འདི་ནི་ཉེ་ཆར་མའོ་རིང་ལུགས་ཀྱི་གྱེན་ལོག་དྲག་རྒོལ་གཞན་ཞིག་གི་ནང་། ཁོང་ཚོས་རྒྱ་གར་དབུས་གཞུང་གི་གཞོག་འདེགས་དམག་དཔུང་ཞིག་གི་རླངས་འཁོར་མེར་སྲེག་བཏང་ནས་དམག་མི་བཞི་བསད་པའི་རྗེས་སུ་བྱུང་བ་ཞིག་ཡིན་པ་མ་ཟད། འདི་ནི་ཕྱི་ཟླ་༡༡ པའི་ནང་ཆཱར་ཏི་སི་གྷར་མངའ་སྡེའི་འོས་བསྡུ་བྱེད་ལ་ཉེ་བའིི་སྐབས་སུ་བྱུང་བའི་གནས་ཚུལ་ཞིག་ཀྱང་ཡིན་འདུག

རྒྱ་གར་ཆཱར་ཏི་སི་གྷར་གྱི་རྫོང་དྷན་ཏཱེ་ཝ་དྷའི་སྐོར་གཡེང་རུ་ཁག་གི་ཉེན་རྟོག་མི་སྣའི་སྤྱི་ཁྱབ་པ་གཞོན་པ་སཱན་དྷར་གྱིས་“དེ་རིང་ང་ཚོའི་སྐོར་གཡེང་རུ་ཁག་གི་སྤྲོ་སྐྱིད་ལ་རྒྱ་གར་གྱི་མའོ་རིང་ལུགས་པས་འཇབ་རྒོལ་བྱས་བྱུང་”ཞེས་དང་། ཉེན་རྟོག་པ་གཞན་གཉིས་ལ་ཡང་རྒོལ་རྡུང་དེའི་ཁྲོད་ནས་རྨས་སྐྱོན་བྱུང་སྐོར་བརྗོད་ཡོད་འདུག

འདས་པའི་ལོ་ངོ་༣༠ ལྷག་གི་རིང་ལ་གཏེར་ཁས་ཕྱུག་པའི་ཆཱར་ཏི་སི་གྷར་མངའ་སྡེའི་ནང་དྲག་པོའི་འཁྲུག་རྩོད་འབྱུང་བཞིན་ཡོད་པ་དང་། རྒྱ་གར་གཞུང་གིས་གཏེར་ཁ་སྔོག་འདོན་བྱེད་མཁན་གྱི་བཟོ་གྲྭ་རྣམས་ལ་སྐུལ་མ་གཏོང་བཞིན་ཡོད་ཀྱང་། མའོ་རིང་ལུགས་པས་གཏེར་ཁ་སྔོག་འདོན་བྱེད་རྒྱུར་ངོ་རྒོལ་བྱེད་བཞིན་ཡོད་འདུག

གྱེན་ལོག་རུ་ཁག་གིས་རྒྱ་གར་དམར་ཤོག་ཚོགས་པའི་དབང་ཆ་འཐབ་རྩོད་བྱེད་ཀྱི་ཡོད་པ་བརྗོད་བཞིན་ཡོད་ཁར། གྲོང་གསེབ་པ་སྐྱོ་པོ་དང་། གདོད་མའི་རུས་སྡེ་བཅས་ཀྱི་ཐོབ་ཐང་གོང་འཕེལ་གཏོང་རྒྱུར་འབད་ཀྱི་ཡོད་སྐོར་བརྗོད་ཀྱི་ཡོད་པ་དང་། ཁོང་ཚོས་རྒྱུན་དུ་རྒྱ་གར་གྱི་བདེ་སྲུང་མི་སྣ་དམིགས་འབེན་དུ་བཟུང་ནས་དྲག་རྒོལ་བྱེད་ཀྱི་ཡོད་འདུག དེ་སྔོན་ཕྱི་ལོ་༢༠༡༠ ལོར་ཁོང་ཚོས་དྷན་ཏཱེ་ཝ་དྷའི་རྫོང་ནང་དྲག་རྒོལ་བྱས་ནས་ཉེན་རྟོག་པ་༧༤ བསད་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Share this:
༡༣༥༢ ཀློག་གྲངས།