༧གོང་ས་མཆོག་དང་རྒྱ་རིགས་ཚན་རིག་པ་ཁོ་ནའི་བར་གྱི་བགྲོ་གླེང་ཐོག་མ།

༧གོང་ས་མཆོག་དང་རྒྱ་རིགས་ཚན་རིག་པ་ཁོ་ནའི་བར་གྱི་ཚན་རིག་གི་བགྲོ་གླེང་ཆེས་ཐོག་མ་དེ། ཚད་རྡུལ་དངོས་ཁམས་རིག་པ་དང་འབྲེལ་བའི་སྐོར་ལ་འཚོགས་བཞིན་འདུག

ཟླ་འདིའི་ཕྱི་ཚེས་༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་༩ པའི་ཐོག་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་མཆོག་དང་རྒྱ་རིགས་ཚན་རིག་པ་ལྷན་དུ་ཚན་རིག་གི་བགྲོ་གླེང་ཞིག་དབུ་འཛུགས་གནང་སོང་ཞིང་། བགྲོ་གླེང་འདི་ནི་ཚན་རིག་གི་ཡ་གྱལ་ཚད་རྡུལ་དངོས་ཁམས་རིག་པའི་སྐོར་ལ་རེད་འདུག་པ་དང་། འདིའི་ནང་གཏམ་བཤད་གནང་མཁན་ཐའེ་ཝན་མི་སེར་ནོ་སྦེལ་གཟེངས་རྟགས་ཆེས་ཐོག་མར་བཞེས་མཁན་སློབ་དཔོན་ཆེན་མོ་ལི་ཡོན་ཀྲིག་གིས་དབུས་པའི་ཚན་རིག་གི་སློབ་དཔོན་ཆེན་མོ་བཞི་དང་། ཚན་རིག་ཐོག་འབུམ་རམས་པ་ཐོན་མཁན་ལྔས་གཙོས་པའི་ཁྱོན་རྒྱ་རིགས་ཚན་རིག་པ་སུམ་བཅུ་སོ་གྲངས་དང་། དེ་བཞིན་གདན་ས་ཁག་དང་། དྷ་སའི་ཁུལ་གྱི་དགོན་སྡེ་དང་སློབ་གྲྭ་ཁག་གི་སློབ་མ་ཁག་ཅིག་བཅས་བཅར་འདུག་པ་དང་། བགྲོ་གླེང་གི་དུས་ཡུན་ནི་དེ་རིང་ནས་བཟུང་ཉིན་གསུམ་རིང་ལ་འཚོག་རྒྱུ་རེད་འདུག

བགྲོ་གླེང་དབུ་འཛུགས་སྐབས་༧གོང་ས་མཆོག་གིས་“ཐོག་མར་ངོས་རང་གིས་འཚམས་འདྲི་དང་ཕེབས་བསུ་ཞུ་བཞིན་ཡོད། འདི་ཕལ་ཆེར་རྒྱ་རིགས་ཚན་རིག་པ་གཙོར་བཟུང་གི་ཐོག་ནས་བགྲོ་གླེང་བྱེད་པ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་རེད། སྤྱིར་བཏང་འདས་པའི་མི་ལོ་༣༠ ལྷག་གི་རིང་ལ་ངོས་རང་དང་ཚན་རིག་པ་གཉིས་བར་ན་འདི་འདྲའི་ཚོགས་འདུ་འཚོགས་ཡོད་རེད། དེ་དག་གཙོ་བོ་ནུབ་ཕྱོགས་ཚན་རིག་པ་དང་ལྷན་དུ་རེད། ཁ་ཤས་ཨ་རི་བ་དང་། ཁ་ཤས་ཡོ་རོབ་པ། དེ་བཞིན་ཁ་ཤས་རྒྱ་གར་བ་རེད། ད་ལྟ་འདི་རྒྱ་རིགས་སྤྱི་ཚོགས་ནས་ཡིན་པའི་ཚན་རིག་པ་དང་ཐུག་འཕྲད་བྱས་པ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་རེད། ངོས་ནས་ཚོགས་འདུ་འདི་འདྲའི་རིགས་ཀྱི་དམིགས་ཡུལ་གཙོ་བོ་དེ་འགྲེལ་བཤད་རྒྱག་འདོད་བྱུང་། དམིགས་ཡུལ་གཉིས་ཡོད། དང་པོ་དེ་ང་རང་ཚོའི་གོ་རྟོགས་རྒྱ་བསྐྱེད་གཏོང་རྒྱུ་རེད། ལྷག་པར་དུ་ངོས་ཀྱི་བསམ་པར་ཚན་རིག་གི་ཐོག་ནས་དུས་རབས་༢༠ པའི་མཇུག་བར་དུ་དཔྱད་གཞི་གཙོ་བོ་དེ་ཕྱི་དངོས་པོ་ཆགས་ཡོད་རེད། ངོས་ཀྱིས་རྣམ་ཤེས་ཀྱི་སྐོར་ལ་བཤད་དུས་ཁ་ཅིག་གིས་ཀླད་པ་ལས་ལོགས་སུ་གྱུར་པའི་རྣམ་ཤེས་ཤིག་ངོས་ལེན་བྱེད་ཀྱི་མི་འདུག ངོས་རང་ཡ་མཚན་བྱུང་། ཁྱོད་རང་རྣམ་ཤེས་དེ་ཀླད་པ་ལས་ལོགས་སུ་གྱུར་པ་ཞིག་ཡོད་པ་ལ་མོས་མཐུན་ཡོད་དམ། ངོས་ཀྱི་བསམ་པར་ཚན་རིག་གི་དཔྱད་གཞི་དེ་ཕྱི་དངོས་པོ་ཁོ་ན་ཡིན་དུས་དེ་འདང་ངེས་པ་ཞིག་རེད་མི་འདུག ན་ཟུག་དང་། གནོན་ཤུགས། ཁོང་ཁྲོ། བརྩེ་བ་བཅས་ནི་ཀླད་པ་ཁོ་ན་ལས་བྱུང་བ་མིན་པར་ངོས་ཀྱི་བསམ་པར་རྣམ་ཤེས་ལས་བྱུང་བར་སྙམ། དེར་བརྟེན་ཚན་རིག་གི་དཔྱད་གཞིའི་ནང་ངེས་པར་དུ་རྣམ་ཤེས་ཚུད་དགོས་ཀྱི་འདུག དུས་རབས་༢༠ པའི་མཇུག་ནས་བཟུང་ཀླད་ཁམས་ཚན་རིག་པ་ཚོས་ཀླད་པ་ལ་ཤུགས་རྐྱེན་ཐེབས་མཁན་ཞིག་ཡོད་པ་ཚོར་བ་རེད་”ཅེས་སོགས་གསུངས་ནས་ཚོགས་འདུ་འཚོགས་པའི་དགོས་དམིགས་ཀྱི་སྐོར་གསུངས་སོང་།

དེ་བཞིན་༧གོང་ས་མཆོག་གིས། ཆབ་སྲིད་ཀྱི་ཐོག་ནས་ལོ་ངོ་སྟོང་ཕྲག་གི་གོང་ནས་མཚམས་མཚམས་སུ་རྒྱ་བོད་གཉིས་བར་ན་དམག་འཁྲུག་རྒྱག་པ་དང་། དུས་རབས་བདུན་པའི་ནང་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་རྒྱ་ནག་གི་རྒྱལ་པོའི་སྲས་མོ་དང་ལྷན་དུ་གཉེན་སྒྲིག་གནང་བས་མཚོན་པའི་མཚམས་རེར་ཧ་ཅང་འབྲེལ་ལམ་བཟང་པོའི་ཐོག་གནས་ཡོད་པ། དེ་བཞིན་དོན་དངོས་ཐོག་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་ཐོག་ནས་གནས་དགོས་དུས་སྐྱིད་པོའི་ངང་ནས་གནས་དགོས་རྒྱུ་གལ་ཆེ་སྐོར་དང་། བཙན་བྱོལ་ནང་གྱར་རྗེས་སུ་ཆབ་སྲིད་ཀྱི་ཐོག་ནས་ཕྱི་ལོ་༡༩༧༤ ལོ་ནས་བཟུང་རང་བཙན་མི་བརྩད་རྒྱུ་ཐག་བཅད་ཡོད་པ་དང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བའི་སྐད་ཡིག་གིས་མཚོན་པའི་ཐོབ་ཐང་ཆ་ཚང་རག་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ཏུ་བསྡད་རྒྱུ་ཡིན་པ་དང་། དེ་ནི་གཉིས་ཕན་ཡིན་སྐོར་སོགས་གསུངས་སོང་།

གཞན་ཡང་ཚོགས་འདུ་དབུ་འབྱེད་སྐབས་རྫས་སྦྱོར་རིག་པའི་ཐོག་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་མཁན་རྒྱ་རིགས་ཚན་རིག་པ་ལི་ཡོན་ཀྲིག་གིས། ཚན་རིག་ནི་རང་བྱུང་ཆོས་ཉིད་རྟོགས་བྱེད་ཀྱི་སྐད་ཡིག་ཅིག་ཡིན་པ་དང་། ཁོང་ཚོ་འདིར་ཡོང་དོན་ནི་ཚོགས་འདུ་འདི་བརྒྱུད་ནས་བསླབ་བྱ་ཐོབ་ཆེད་ཡོང་བ་ཡིན་སྐོར་སོགས་གསུངས་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༧༢༧ ཀློག་གྲངས།