སྲིད་སྐྱོང་གིས་སི་པེན་གྱི་གྲོས་ཚོགས་ནང་བོད་དོན་གསུང་བཤད་གནང་བ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ། ཕྱི་ཟླ་༡༠ ཚེས་༢༩ ནས་ཕྱི་ཟླ་༡༡ ཚེས་༢༦ བར་ལྡི་ལི་དང་ཡུ་རོབ་རྒྱལ་ཁབ་སི་པན། སུད་སི། འཇར་མན་ནི། ཧོལ་ལེན་ཌི། ཨ་རི། ཁེ་ན་ཌ་བཅས་རྒྱལ་ཁབ་དྲུག་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་དང་། ཉེ་ཆར་ཁོང་ཡུ་རོབ་སི་པེན་གྱི་རྒྱལ་ས་མེ་ཌི་རི་ཌིའི་ནང་ཕེབས་ཏེ་ཡུལ་དེའི་གྲོས་ཚོགས་འཐུས་མི་དང་ཐུག་འཕྲད་ཀྱིས་བོད་དོན་སྐོར་གསུང་བཤད་གནང་འདུག

དེ་ཡང་ཁོང་གིས་བོད་ནང་གི་བོད་མིའི་གནས་སྟངས་ཀྱི་ཐོག་ལ་“བོད་ནང་གི་གནས་སྟངས་ནི། ད་ལྟའི་ཆར་རིག་གནས་གསར་བརྗེ་བསྐྱར་སློག་བརྒྱབ་པ་ལྟ་བུའི་གནས་སྟངས་འོག་ཡོད་པ་མ་ཟད། འདས་པའི་ལོ་ཤས་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་བརྟེན་ཕྱི་ལོ་༢༠༠༩ ནས་བཟུང་། ད་བར་བོད་མི་༡༥༢ ཀྱིས་རྒྱ་ནག་གཞུང་གི་དམ་དྲག་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་ཡོད།  ཕྱོགས་མཚུངས་གསེར་རྟ་བླ་རུང་སྒར་དུ་དགེ་བཙུན་དང་མི་སྐྱ་ཕོ་མོ་སོགས་ཁྱོན་མི་གྲངས་༡༠༠༠༠ ཡོད་པའི་ཁྲོད་ནས་གྲངས་ཚད་ཕྱེད་ཀ་ཉུང་དུ་བཏང་བ་དང་། དེ་བཞིན་ཡ་ཆེན་སྒར་བོད་བརྒྱུད་ནང་བསྟན་སློབ་གཉེར་ཁང་ནས་དགེ་བཙུན་ཞལ་གྲངས་༢༠༠༠ ཉུང་དུ་བཏང་ཡོད།  རྒྱ་གཞུང་གིས་བླ་རུང་སྒར་དུ་གཏོར་བཤིག་བཏང་བའི་རྐྱེན་གྱིས་བཙུན་མ་རང་ཤི་སྐྱོན་མཁན་ཡང་བྱུང་ཡོད་”ཅེས་གསུངས་འདུག

དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་བཏོན་པའི་སྙན་ཐོའི་ནང་བོད་ནང་གི་ཛ་དྲག་གི་གནས་སྟངས་འཁོད་པའི་སྐོར་ལ་“དེ་ཡང་རང་དབང་ཁང་པས་ཕྱི་ལོ་༢༠༡༦ དང་༢༠༡༧ བསྟུད་མར་སྙན་ཐོ་བཏོན་པའི་ནང་འཛམ་གླིང་ནང་རང་དབང་ཆེས་ཆུང་ཤོས་ཀྱི་རྒྱལ་ཁབ་ཨང་དང་པོ་སི་རི་ཡ་དང་། ཨང་གཉིས་པ་བོད་ཡིན་པར་བརྩིས་ཡོད་རེད།   དེ་བཞིན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་བཏོན་པའི་སྙན་ཐོའི་ནང་དུ་ཡང་།   གསར་འགོད་པ་ཚོ་བོད་ནང་བསྐྱོད་རྒྱུ་ཟེར་བ་ནི་བྱང་ཀོ་རི་ཡར་འགྲོ་རྒྱུ་ལས་ལྷག་དཀའ་ལས་ཁག་པ་ཡོད་སྐོར་འཁོད་འདུག་”ཅེས་གསུངས་འདུག

ཡང་དབུ་མའི་ལམ་གྱི་སྲིད་བྱུས་འོག་ནས་བོད་ཀྱི་གནད་དོན་སེལ་ཐུབ་པའི་སྐོར་ལ་“དབུ་མའི་ལམ་གྱི་སྲིད་བྱུས་འདི་ནི་བོད་རང་བཙན་བསྐྱར་གསོ་བྱ་རྒྱུའི་མཐའ་དང་། ད་ལྟའི་བོད་ནང་གི་དམ་དྲག་ཅན་གྱི་གནས་སྟངས་མུ་མཐུད་གནས་རྒྱུའི་མཐའ་གཉིས་ལས་བྲལ་བའི་དབུ་མའི་ལམ་སྟེ། རྒྱ་ནག་གཞུང་གི་རྩ་ཁྲིམས་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་ཐབས་བྱ་རྒྱུ་དེ་ཡིན།  དེ་ལྟར་ན་བོད་རྒྱ་མི་རིགས་གཉིས་ཀར་ཕན་ཐོགས་ཡོད་”ཅེས་གསུངས་འདུག

གཞན་ཡང་ཁོང་གིས། སི་པེན་གྲོས་ཚོགས་འཐུས་མི་རྣམས་དྷ་སར་ཕེབས་རྒྱུར་མགྲོན་འབོད་གནང་འདུག་པ་དང་། གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་ཐོག་རོགས་ཕན་ཇི་ལྟར་ཞུ་དགོས་མིན་གྱི་དྲི་བ་བཀོད་པར་ལན་འདེབས་སུ། གྲོས་ཚོགས་ནང་བོད་དོན་གླེང་སློང་གནང་དགོས་པ་དང་། བོད་ཀྱི་ཁོར་ཡུག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཀྱི་སྐོར། དེ་བཞིན་བོད་ནང་གི་དངོས་ཡོད་དཀའ་ངལ་ལ་གཞིགས་པའི་དཀའ་ངལ་དེ་དག་སེལ་ཆེད་གྲོས་ཆོད་གཞག་ཐུབ་ཐབས་གནང་དགོས་པ། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཐབས་ཡོང་དགོས་སྐོར་བཅས་ཀྱི་འབོད་སྐུལ་ཡང་ཞུས་ཡོད་འདུག་ཁར། ཁོང་གིས་མེ་ཌི་རི་ཌི་གྲོང་སྡེའི་སྤྱི་ཁྱབ་པ་དང་ཡང་མཇལ་འཕྲད་གནང་འདུག  །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༥༧ ཀློག་གྲངས།