སྡིགས་སྐུལ་འོག་རྒྱ་རིགས་རི་མོ་བ་ཞིག་གི་འགྲེམས་སྟོན་ཕྱིར་འཐེན་བྱེད་དགོས་ཁེལ་འདུག

རྒྱ་ནག་གཞུང་དང་བསམ་ཚུལ་འགལ་ཟླ་འཛིན་མཁན་རྒྱ་རིགས་རི་མོ་བ་ཞིག་གི་འགྲེམས་སྟོན་ལས་རིམ་ཞིག ཧོང་ཀོང་དུ་གཏན་འཁེལ་བྱས་འདུག་ཀྱང་། རྒྱ་ནག་གཞུང་གི་ལས་བྱེད་ཀྱི་རི་མོ་བ་དེར་སྡིགས་སྐུལ་བྱས་རྐྱེན། ལས་རིམ་དེ་ཕྱིར་འཐེན་བྱེད་དགོས་ཁེལ་འདུག

དེ་ཡང་ཟླ་༡༡ པའི་ཚེས་༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༢༠༡༤ ལོའི་ཉི་གདུགས་ཀྱི་ལས་འགུལ་ཆེན་མོའི་རྗེས་ནས། ཧོང་ཀོང་ནང་གི་སྨྲ་བརྗོད་རང་དབང་ཐོག་རྟོག་ཞིབ་ཀྱི་ལས་རིམ་ཞིག་གྲོང་ཁྱེར་དེར་གོ་སྒྲིག་བྱས་འདུག་པ་དང་། ལས་རིམ་དེའི་ནང་ཨོ་སི་ཀྲོ་ལི་ཡའི་མི་སེར་ཡིན་པའི་རྒྱ་རིགས་རི་མོ་བ་བྷ་ཌེའུ་ཆའོ་(Badiucao) ཡི་འགྲེམས་སྟོན་ལས་རིམ་ཞིག་གཏན་འཁེལ་བྱས་ཡོད་ཀྱང་། རྗེས་སུ་ཁོང་གི་བདེ་འཇགས་ལ་སེམས་འཚབ་ཀྱིས་ལས་རིམ་དེ་ཕྱིར་འཐེན་བྱེད་དགོས་ཁེལ་འདུག

དེ་ཡང་རྒྱ་ནག་གཞུང་དང་བསམ་ཚུལ་འགལ་ཟླ་འཛིན་མཁན་རྒྱ་རིགས་རི་མོ་བ་དེའི་བརྩམས་ཆོས་རྣམས། རྒྱ་ནག་ནང་གི་འགྲོ་བའི་མིའི་ཐོབ་ཐོང་རྡོག་རོལ་གཏོང་བཞིན་པའི་ཐོག་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ཟུར་ཟའི་རི་མོ་ཡིན་འདུག ཁོང་གི་འགྲེམས་སྟོན་ལས་རིམ་དེ་ཧོང་ཀོང་ནང་གི་མང་གཙོ་དོན་གཉེར་བ་ཚོས་གྲོང་ཁྱེར་དེའི་ནང་གི་རང་དབང་ཉམས་རྒུད་འགྲོ་བཞིན་ཡོད་སྐོར་བརྗོད་བཞིན་པའི་སྐབས་ལ་ཕྱིར་འཐེན་བྱེད་དགོས་ཁེལ་འདུག

ལས་རིམ་དེ་གོ་སྒྲིག་བྱེད་མཁན་ཚོས་ལས་རིམ་ཕྱིར་འཐེན་བྱེད་དགོས་དོན་ནི། རི་མོ་བ་དེ་དང་འབྲེལ་ནས་རྒྱ་ནག་གཞུང་གི་ལས་བྱེད་ཚོས་སྡིགས་སྐུལ་བྱས་རྐྱེན་ཡིན་པ་དང་། ཁོ་ཚོས་སྨྲ་བརྗོད་རང་དབང་ལ་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། ལས་དོན་ལ་མཉམ་ལས་བྱེད་མཁན་ཁག་གི་བདེ་འཇགས་དེ་སེམས་ཁུར་བྱེད་ཡུལ་ཆེན་པོ་ཞིག་ཡིན་སྐོར་བརྗོད་འདུག གོ་སྒྲིག་པ་ཚོས་རི་མོ་བ་དེར་ག་རེའི་ཐོག་སྡིགས་སྐུལ་བྱས་ཡོད་མེད་སྐོར་བརྗོད་མི་འདུག

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ཉམས་ཞིབ་པས། སྡིགས་སྐུལ་གྱི་གནས་ཚུལ་དེས་ཕྱིའི་རྒྱལ་ཁབ་ཁག་ཏུ་སྡོད་མཁན་རྒྱ་རིགས་ཚོ་ཡང་ལས་དོན་ཞིག་བྱེད་སྐབས་བསམ་བློ་ཞིབ་མོ་གཏོང་དགོས་འཁེལ་གྱི་ཡོད་པའི་དཔེ་མཚོན་ཞིག་ཡིན་པ་དང་། མ་འོངས་པར་གནས་ཚུལ་དེ་རིགས་ལ་བརྟེན་ནས་རྒྱ་ནག་གཞུང་དང་བསམ་བློ་འགལ་ཟླ་འཛིན་མཁན་རྣམས། ཧོང་ཀོང་ནང་དུ་ལས་འགུལ་སྤེལ་བར་དོགས་ཟོན་བྱེད་དགོས་པ་བཟོ་སྲིད་པ། ཧོང་ཀོང་ནང་དུ་རང་གི་བསམ་ཚུལ་རང་དབང་ཉམས་རྒུད་དུ་འགྲོ་བཞིན་པའི་སྐབས། གནས་ཚུལ་དེ་འདྲ་ལྷག་པ་ནི་སེམས་འཚབ་སྐྱེས་འོས་པ་ཡིན་སྐོར་བརྗོད་འདུག

རྒྱ་རིགས་བྷ་ཌེའུ་ཆའོ་ནི་ཆབ་སྲིད་ཐོག་ཟུར་ཟའི་རི་མོ་འབྲི་མཁན་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཞིག་ཡིན་པ་དང་། ཨོ་སི་ཀྲོ་ལི་ཡར་གནས་སྡོད་བྱེད་བཞིན་འདུག ཁོང་གིས་རྒྱུན་དུ་རྒྱ་ནག་དང་དེའི་དབང་འོག་ཏུ་ཡོད་པའི་ས་གནས་ཁག་གི་གནད་དོན་ལ་བསམ་ཚུལ་བརྗོད་ཀྱི་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༩༡༢ ཀློག་གྲངས།