ཨ་ཕྲུག་ནི་དུས་ཀུན་ཨ་ཕྲུག་རང་རེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༢༤  ཕྱི་ལོ་ ༢༠༡༨/༡༡ /༧

སྤྱིར་ཨ་ཕྲུག་ཅེས་པ་དུས་རྒྱུན་ཁ་སྐད་ནང་གོ་རྒྱུ་ཡོད་པའི་ཐ་སྙད་ཅིག་ཡིན་པ་དང་། དེ་ཡང་གཙོ་བོ་བོད་དབུས་གཙང་གི་ཁ་སྐད་ནང་འཁོར་རྒྱུག་ཆེ་བའི་ཐ་སྙད་ཅིག་ཏུ་གྱུར་ཡོད། ཨ་ཕྲུག་ཅེས་པའི་གོ་དོན་ནི། མི་འཇོན་ཐང་ཅན་ནམ་དབང་ཤུགས་ཅན་དག་གི་འཁོར་དུ་ཡོད་པའི་ལས་དོན་གང་ལ་མངགས་ཀྱང་སྒྲུབ་མཁན་གྱི་གཡོག་པོ་ལ་གོ་ཞིང་། ད་དུང་དུས་རྒྱུན་གམ་དུ་སྡོད་མཁན་མིན་ཡང་དགོས་ངེས་སྐབས་བསྐུལ་རྒྱུའི་གཡོག་པོའམ་རྒྱུག་ཁྱི་ལའང་གོ་བ་རེད། མི་དེ་ལྟ་བུ་ནི་མི་རིགས་ཀྱི་ཁྱད་པར་དང་། སྐྲ་ཡི་ཁ་དོག ཤ་མདོག་དཀར་ནག་སེར་གསུམ་སོགས་ཀྱི་དབྱེ་བ་གང་ཡང་མེད་པར་འཛམ་གླིང་ཤར་ནུབ་གང་སར་ཡོད་པའི་མིའི་སྤྱི་ཚོགས་སྤྱི་ཡོངས་ལ་ཁྱབ་ཡོད་པའི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན། སྐབས་རེ་ཨ་ཕྲུག་དག་ནི་གཟི་བརྗིད་དང་དབང་ཤུགས་ཡོད་པའི་མི་སྣ་ལྟ་བུ་ཞིག་ཡིན་ལ། སྐབས་རེ་ཨ་ཕྲུག་ནི་གར་བཏང་གོ་ཆོད་ཀྱི་འཁོར་གཡོག་སྤུས་དག་ཅིག་ཡིན། རླུང་རྟ་མ་བརྒྱུགས་པའི་སྐབས་སུ་ཨ་ཕྲུག་ནི་བེད་སྤྱོད་དང་བདག་པོ་གང་ཡང་མེད་པའི་ཁྱི་འཁྱམས་དང་གཅིག་པ་ཆགས་པའི་དུས་ཚོད་ཀྱང་མང་པོ་མཐོང་རྒྱུ་ཡོད།

ཨ་ཕྲུག་དག་གི་ལས་ཀ་གཙོ་བོ་ནི་རང་ཉིད་ཀྱི་བདག་པོའི་ངོ་གསོ་རྒྱུ་ཁོ་ན་དེ་ཡིན་པ་དང་། རང་ཉིད་ཀྱི་བདག་པོ་དང་གཞན་གྱི་དབར་འགལ་ཟླ་བྱུང་སྐབས་བློས་གཏོང་ཆེན་པོ་བྱས་ནས་ཁ་གཏད་གཅོག་མཁན་གྱི་གདོང་མཆོང་པ་ཞིག་ཀྱང་ཡིན། སྐབས་དེ་དུས་འབྲོག་པའི་བཤད་སྲོལ་ལ་སྒོ་ཁྱི་དག་གི་སེམས་སུ་ཁྱིམ་ཚང་ཞིག་གི་སྒོ་ཁའི་ཁྱི་ཕོར་ནས་ཕུགས་ཀྱི་དར་ལྕོག་བར་རྒྱུ་ནོར་ཡོངས་རྫོགས་ཀྱི་བདག་པོ་ཡིན་སྙམ་པའི་འདུ་ཤེས་དང་སེམས་ཁུར་གྱི་ཐོག་ནས། དུས་རྒྱུན་བདག་པོའི་རྒྱུ་ནོར་སྲུང་སྐྱོབ་ཆེད་རང་སྲོག་བློས་གཏོང་བྱེད་ཀྱི་ཡོད་ཀྱང་། དོན་དུ་སྦྱིན་བདག་གི་ངོས་ནས་སྒོ་ཁྱི་རང་ཉིད་ལ་ལྟོ་རྒྱགས་ངེས་ཤིག་སྤྲོད་མིན་ཡང་ཤོད་དཀའ་བའི་ཚོད་དུ་གྱུར་ཡོད། ད་ལྟའི་དུས་ཚོད་ཀྱི་གཅེས་ཉར་སྲོག་ཆགས་དང་མི་འདྲ་བར་བོད་པའི་སྲོལ་རྒྱུན་ནང་སྒོ་ཁྱི་ནི་སྦྱིན་བདག་གི་རྒྱུ་ནོར་སྲུང་སྐྱོབ་བྱེད་མཁན་ཙམ་ཞིག་ཏུ་ངོས་འཛིན་པ་མ་ཟད། བོད་པའི་ངོས་ནས་མི་སྡུག་ཤོས་དག་ལ་མི་ངན་ཁྱི་ལྟ་བུ་ཞེས་བརྗོད་པ་དང་། དུས་རྒྱུན་གྱི་བེད་སྤྱོད་ཆེ་ཆུང་ལ་མ་ལྟོས་པར་ཁྱི་ནི་བདག་ཡོད་སེམས་ཅན་གྱི་ནང་ནས་སྡུག་ཤོས་ལྟ་བུར་ངོས་འཛིན་བྱེད་སྲོལ་ཡང་ཡོད།

ད་དུང་ཨ་ཕྲུག་དག་ལ་མཚོན་ན་བདག་པོའི་དོན་དུ་བློས་གཏོང་བྱས་ནས་གཞན་ལ་ཁ་གཏད་གཅོག་རྒྱུ་དེ་ཡིན་ནའང་། སྐབས་རེ་བདག་པོར་བེད་སྤྱོད་མེད་སྐབས་ཨ་ཕྲུག་དག་ལ་སྣང་མེད་ཀྱིས་མཐོང་དང་ངོ་སོ་གང་ཡང་མེད་པ་མ་ཟད། མཐུན་རྐྱེན་གྱི་ཐོག་ནས་ཀྱང་གང་ཡང་མི་སྤྲོད་པའི་དུས་ཚོད་ཡོད་པ་མང་པོ་མཐོང་རྒྱུ་ཡོད། དེ་བས་ཀྱང་ཐབས་སྐྱོ་བ་ཞིག་ལ་རང་ཉིད་ཀྱི་དོ་བདག་དང་། དེའི་ཁ་གཏད་དུ་གྱུར་པའི་མི་སྣའམ། དེའི་ཕྱོགས་ཁག་བཅས་ཕན་ཚུན་འགྲིག་མཐུན་བྱུང་སྐབས། ཕྱོགས་སོ་སོའི་ཨ་ཕྲུག་དག་ལ་དོ་སྣང་བྱེད་མཁན་མེད་ལ། ཚང་མས་སྣང་མེད་དུ་གཏོང་རྐྱང་བྱེད། འགལ་ཟླ་ཆེ་བའི་སྐབས་སུ་གདོང་མཆོང་པ་ནི་ཕྱོགས་སོ་སོའི་ཨ་ཕྲུག་དག་ཡིན་པས། བདག་པོའི་དོན་དུ་ཨ་ཕྲུག་སོ་སོའི་སེམས་ལ་རྨ་ཁ་བཟོས་པ་ནི་གྲངས་ལས་འདས་པ་ཞིག་ཏུ་འགྱུར་བཞིན་ཡོད། དོ་བདག་སོ་སོའི་འགལ་ཟླ་སེལ་ཟིན་ནའང་ཕྱོགས་སོ་སོའི་ཨ་ཕྲུག་དག་གི་དབར་ལ་དོན་མེད་ཀྱི་འགལ་ཟླའམ། སེམས་པ་མི་སྐྱིད་པའི་གནས་ཚུལ་མུ་མཐུད་ཡོང་གི་ཡོད་པ་ནི་ཨ་ཕྲུག་བྱེད་མཁན་མི་སྣ་དག་ལ་མཚོན་ན་དཀའ་ངལ་ཆེ་ཤོས་སུ་གྱུར་ཡོད་ངེས་རེད།

དཔེ་མཚོན་ཆུང་ཆུང་ཞིག་དྲངས་ན་སྔོན་མ་དོལ་རྒྱལ་གྱི་རྩོད་རྙོག་ཆེ་བའི་སྐབས་མི་ནུས་པ་མེད་མཁན་ཁག་ཅིག་གིས་དོལ་རྒྱལ་བསྟེན་མཁན་དུ་འབོད་པ་ཁག་ཅིག་ལ་ཁ་གཏད་གཅོག་པ་དང་། ཁ་རྡུང་མངོན་ལྐོག་གང་རུང་ནས་མང་པོ་བཏང་ཡོད་པ་དང་། དེ་ནི་གཙོ་བོ་༧གོང་ས་མཆོག་གི་བཀའ་དགོངས་བསྒྲུབས་པ་ཞིག་ཏུ་འགྲེལ་བརྗོད་བྱེད་བཞིན་ཡོད། དོལ་རྒྱལ་བསྟེན་མཁན་མི་སྣ་ནུས་པ་ཅུང་ཙམ་ཡོད་མཁན་ཁག་ཅིག་གིས་༧གོང་ས་མཆོག་གི་སྐུ་མདུན་དུ་བཅར་ནས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་བྱས་པར་བརྟེན། ༧གོང་ས་མཆོག་གིས་ཐུགས་མཉེས་པོ་གནང་བ་མ་ཟད། དེ་དག་གི་མི་རེ་ཟུང་ནི་གྲྭ་ཚང་ཆེ་ཁག་གི་དགེ་སྐོས་དང་མི་སྣ་གྲགས་ཅན་གྱི་ནང་དུ་ཚུད་ནའང་། སྔོན་མ་ཁ་བཏང་ནས་རྒྱུག་སྡོད་མཁན་དག་ནི་ད་ལྟའང་གནས་བབས་དེ་ལས་ཞན་དུ་སོང་མེད་ཀྱང་། ཡག་ཏུ་སོང་མེད་པ་དང་མི་མང་པོ་ཞིག་གི་མིག་ནང་དུའང་མཐོང་དང་ཆ་འཇོག་གང་ཡང་མེད། དེ་དང་དེ་ལྟ་བུ་ཨ་ཕྲུག་དག་ལ་འཕྲད་བཞིན་པའི་དཀའ་ངལ་ཆེ་ཤོས་ནི། ཨ་ཕྲུག་བྱས་ནས་གནས་བབས་ཡག་ཏུ་འགྲོ་རྒྱུའི་ཚབ་ལ་གནས་བབས་སྡུག་ཏུ་འགྲོ་མཁན་ཧ་ཅང་གི་མང་བ་ཡོད།

མདོར་ན་བོད་པའི་སྤྱི་ཚོགས་ནང་དོལ་རྒྱལ་གྱི་རྩོད་རྙོག ཆུ་སྒང་ནང་ཁུལ་གྱི་རྩོད་རྙོག གཞོན་ནུ་ནང་ཁུལ་གྱི་རྩོད་རྙོག རང་བཙན་དང་དབུ་མའི་ལམ་གྱི་རྩོད་རྙོག ཀརྨ་པ་གཉིས་ཀྱི་རྩོད་རྙོག སྲིད་སྐྱོང་འོས་བསྡུའི་སྐབས་ཀྱི་རྩོད་རྙོག་སོགས་མང་པོ་ཞིག་བྱུང་ཡོད། རྩོད་རྙོག་དེ་དག་གི་སྣེ་མོ་ན་ཡོད་མཁན་ཚོའི་དཀའ་ངལ་རིམ་པས་སེལ་ཐུབ་ནའང་། ཨ་ཕྲུག་ཚོར་རང་ཉིད་ལ་དཔག་ཚོད་ཀྱིས་སེལ་མི་ཐུབ་པའི་དཀའ་ངལ་མང་པོ་མུ་མཐུད་དུ་ཡོད། བཙན་བྱོལ་ནང་གི་མི་སྣ་ཆེ་ཁག་ཁ་ཤས་ཀྱིས་ཨ་ཕྲུག་དག་བེད་སྤྱོད་བཏང་རྗེས་རྒྱུ་ནོར་སོགས་ཀྱི་ཐོག་ནས་དཀའ་ངལ་གང་ཡང་མེད་པ་བཟོས་ཡོད་པ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཏང་བའང་གང་མང་བྱུང་ཡོད། གནད་ཡོད་མི་སྣ་རེ་ཟུང་གིས་ཨ་ཕྲུག་རྣམས་ཤ་ཚ་སེར་སྣ་གང་ཡང་མེད་པར་བེད་སྤྱོད་བཏང་ཞིང་། བེད་སྤྱོད་མེད་སྐབས་སྣང་མེད་དུ་བཏང་ནས་བདག་པོ་དང་ཨ་ཕྲུག་གཉིས་ཁ་གཏད་དུ་གྱུར་པའང་མང་པོ་མཐོང་རྒྱུ་ཡོད་པ་སོགས་ནི་ཨ་ཕྲུག་དག་གི་དཀའ་ངལ་ཡིན་ལ། ཨ་ཕྲུག་དག་གིས་རང་ཉིད་ཀྱི་གནས་བབས་ངོ་མ་ཤེས་ན་ཨ་ཕྲུག་ནི་དུས་རྒྱུན་ཨ་ཕྲུག་རང་ཡིན་པ་ལས་གཅེས་ཕྲུག་ཅིག་གཏན་ནས་མིན།།

Share this:
༡༢༢༦ ཀློག་གྲངས།