ཨ་རྒྱའི་སྲིད་འཛིན་གཉིས་ཀྱི་གྲོས་མོལ་དང་ཚོང་དམག་མཚམས་འཇོག་གི་རེ་བ།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཀྱིས་ཁ་པར་བརྒྱུད་གྲོས་མོལ་བྱས་ནས་ད་ལྟ་འགྲོ་བཞིན་པའི་ཕྱོགས་གཉིས་བར་གྱི་ཚོང་འབྲེལ་གྱི་དཀའ་རྙོག་སེལ་རྒྱུའི་རེ་བ་ཡོད་པའི་རྣམ་འགྱུར་བསྟན་ཡོད་འདུག་པ་དང་། དེས་ཨེ་ཤི་ཡ་དང་ཡུ་རོབ་ཁུལ་གྱི་ཁྲོམ་རར་ཤུགས་རྐྱེན་ཐེབས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢ ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་ནས། ཕྱི་ཚེས་༡ ཉིན་ཨ་རྒྱའི་སྲིད་འཛིན་གཉིས་བར་ན་ཁ་པར་བརྒྱུད་གྲོས་མོལ་ཧ་ཅང་བཟང་པོ་བྱུང་ཡོད་པ་དང་། སྲིད་འཛིན་གཉིས་ཀས་ཕྱོགས་གཉིས་ཀྱི་དཔལ་འབྱོར་གྱི་འབྲེལ་ལམ་ངེས་པར་དུ་ཡར་རྒྱས་གཏོང་དགོས་པའི་བསམ་བློ་གཏོང་གི་ཡོད་པ་བཅས་བསྒྲགས་ཡོད་འདུག

དེ་བཞིན་ཌོ་ནལ་ཊོམ་གྱིས་ཀྱང་སྤྱི་ཚོགས་དྲ་རྒྱ་ཊུ་ཊེར་ཐོག་“རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་། གྲོས་མོལ་ཧ་ཅང་ཡག་པོ་དང་རིང་པོ་ཞིག་བྱུང་སོང་། ང་ཚོས་ཚོང་འབྲེལ་གཙོ་བོར་འཛིན་པའི་ཐོག་གནད་དོན་མང་པོ་ཞིག་གི་སྒང་ལ་གྲོས་བསྡུར་བྱས་ཡིན། གྲོས་བསྡུར་རྣམས་ཚུལ་དང་མཐུན་པའི་ངང་ནས་སེམས་འགུལ་ཐེབས་པོ་བྱུང་སོང་། ཨར་ཇེན་ཊི་ནཱ་རུ་སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ལྷན་ཚོགས་སྐབས་ཐུག་འཕྲད་བྱ་རྒྱུ་བྱས་ཡོད་པ་མ་ཟད། བྱང་ཀོ་རི་ཡའི་ཐོག་ཀྱང་གྲོས་མོལ་ཡག་པོ་བྱུང་སོང་”ཞེས་བསྒྲགས་ཡོད་འདུག་པ་དང་། ཟླ་འདིའི་མཇུག་ཏུ་ཨར་ཇེན་ཊི་ནཱ་རུ་སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ལྷན་ཚོགས་སྐབས་སྲིད་འཛིན་ཟུར་དུ་ཐུག་འཕྲད་བྱ་རྒྱུ་ཡིན་འདུག

ཕྱོགས་མཚུངས་ཞི་ཅིན་ཕིང་གིས་ཀྱང་འབྱུང་འགྱུར་གྱི་ལྷན་ཚོགས་སྐབས་ཌོ་ནལ་ཊོམ་དང་ཐུག་འཕྲད་བྱས་ནས་ཕྱོགས་གཉིས་བར་ན་འབྲེལ་ལམ་བརྟན་པོ་ཞིག་ཡོང་རྒྱུའི་རེ་བ་ཡོད་སྐོར་བརྗོད་ཡོད་འདུག

འདི་ལོར་ཨ་རྒྱ་གཉིས་ཀྱི་ཚོང་ཟོག་ཕྱོགས་གཉིས་ཕན་ཚུན་དུ་གཏོང་བར་སྒོ་ཁྲལ་ཐེར་འབུམ་མང་པོ་སྤར་རེས་བྱས་ཡོད་པ་དང་། ཌོ་ནལ་ཊོམ་སྲིད་འཛིན་དུ་སླེབས་ནས་བཟུང་། ཨ་སྒོར་ཐེར་འབུམ་༢༥༠ ལྷག་གི་རྒྱ་ནག་གི་ཚོང་ཟོག་ལ་སྒོ་ཁྲལ་ཐེངས་གསུམ་སྤར་ཡོད་ཁར། ཨ་སྒོར་ཐེར་འབུམ་༢༦༧ གྱི་རྒྱ་ནག་གི་ཚོང་ཟོག་ལ་སྒོ་ཁྲལ་སྤར་རྒྱུའི་སྡིགས་སྐུལ་བྱས་ཡོད་པ་དང་། རྒྱ་ནག་གི་ངོས་ནས་ཀྱང་ཨ་སྒོར་ཐེར་འབུམ་༡༡༠ ཡི་ཨ་རིའི་ཚོང་ཟོག་ཐོག་སྒོ་ཁྲལ་སྤར་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༤༨༥ ཀློག་གྲངས།