ཞི་ཅིན་ཕིང་གིས་ཚོང་འབྲེལ་སྲིད་བྱུས་ཀྱི་རྣམ་པ་གསར་པ་སྟོན་ཐབས་བྱས་འདུག

ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་གིས། རྒྱ་ནག་གི་ཚོང་འབྲེལ་སྲིད་བྱུས་དྲང་བདེན་མིན་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་ཁར། ཨ་རྒྱ་གཉིས་བར་གྱི་ཚོང་དམག་ལ་བརྟེན་ནས་རྒྱ་ནག་གི་ཁྲོམ་རའི་ནུས་པ་ངེས་གཏན་མེད་པ་ཆགས་བཞིན་པའི་སྐབས། ཞི་ཅིན་ཕིང་གིས་རྒྱལ་ཁབ་གཞན་ནས་ནང་འདྲེན་གྱི་སྒོ་ཁྲལ་ཆུང་དུ་གཏོང་རྒྱུ་དང་། ཁྲོམ་རའི་སྒྲིག་ཁྲིམས་ལྷོད་དུ་གཏོང་རྒྱུ་ཁས་ལེན་བྱས་འདུག

ཟླ་༡༡ པའི་ཚེས་༥ ནས་བདུན་ཕྲག་གཅིག་རིང་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེར། ཚོང་ཟོག་འགྲེམས་སྟོན་ཆེན་པོ་ཞིག་འཚོགས་ཀྱི་ཡོད་པ་དང་། དེ་གར་རྒྱལ་སྤྱིའི་ནང་གི་ཚོང་ལས་སྡེ་ཚན་ཆེ་ཁག་དང་རྒྱལ་ཁབ་ཁག་གི་སྐུ་ཚབ་སོགས་མཉམ་ཞུགས་བྱེད་ཀྱི་ཡོད་པ་ལྟར། སྒོ་འབྱེད་ཀྱི་མཛད་སྒོར་རྒྱ་ནག་གི་སྲིད་འཛིན་ཞི་ཆིན་ཕིང་གིས། རྒྱ་ནག་ནང་དུ་ཚོང་ཟོག་ནང་འདྲེན་བྱེད་པར་སྒོ་ཁྲལ་ཆུང་དུ་གཏོང་རྒྱུ་དང་། ཁྲོམ་རར་ཚོང་ལས་གཉེར་བར་ཁྲིམས་སྒྲིག་ལྷོད་དུ་གཏོང་རྒྱུའི་ཁས་ལེན་བྱས་འདུག

ཁས་ལེན་དེ་ཡང་རྒྱལ་སྤྱིའི་ནང་རྒྱ་ནག་གི་ཚོང་འབྲེལ་སྲིད་བྱུས་ཁྲོད། རྒྱལ་ཁབ་ཕན་ཚུན་བར་གྱི་ནང་འདྲེན་དང་ཕྱི་འདྲེན་གྱི་ཧེ་བག་ཆེན་པོ་ཡོད་པས། སྲིད་བྱུས་དེ་ནི་དྲང་བདེན་མིན་སྐོར་གྱི་སྐྱོན་བརྗོད་བྱེད་བཞིན་པ་འགོག་ཆེད་གྱི་ཐབས་བྱུས་ཤིག་ཡིན་འདུག

ཞི་ཅིན་ཕིང་གིས་ཤེས་ཡོན་དང་འབྲེལ་མཐུད། རིག་གཞུང་སོགས་ཀྱི་ཚོང་ལས་སྡེ་ཚན་གྱི་ལས་དོན་མགྱོགས་ཚད་སྤར་རྒྱུ་ཡིན་ཡང་། ཕྱིའི་རྒྱལ་ཁབ་ཁག་གི་ཚོང་ལས་སྡེ་ཚན་གྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་དང་། ཚོང་ལས་སྡེ་ཚན་ཁག་གི་སྒྱུ་རྩལ་བདག་དབང་གི་ཁྲིམས་སྒྲིག་དང་འགལ་ཚེ་ཉེས་ཆད་ཆེ་རུ་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག དེ་ཡང་རྒྱ་ནག་ནང་ཚོང་གཉེར་བྱེད་པར་ཕྱིའི་རྒྱལ་ཁབ་ཁག་གི་ཚོང་ལས་སྡེ་ཚན་ཚོས། རྒྱ་ནག་གི་ཚོང་ལས་སྡེ་ཚན་དང་མཉམ་ལས་བྱེད་དགོས་པ་མ་ཟད། སྒྱུ་རྩལ་གྱི་བདག་དབང་རྐུ་འཕྲོག་གི་གནད་དོན་མང་པོ་ལྷག་གི་ཡོད་པས་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་པའི་ཁ་འགོག་ཆེད་ཡིན་འདུག

ཚོང་ཟོག་འགྲེམས་སྟོན་གོ་སྒྲིག་པས། ལས་རིམ་དེར་ཕྱིའི་རྒྱལ་ཁབ་ཁག་གི་ཚོང་ལས་སྡེ་ཚན་༣༠༠༠ ལས་མང་བ་མཉམ་ཞུགས་བྱེད་ཀྱི་ཡོད་པ་དང་། ཨ་རིའི་ཚོང་ལས་སྡེ་ཚན་ངོ་དེབ་སོགས་ཀྱང་ཡོད་ཁར། རྒྱལ་ཁབ་༡༤༠ མཉམ་ཞུགས་བྱེད་ཀྱི་ཡོད་འདུག་ཀྱང་། ཨ་རིས་སྐུ་ཚབ་གནས་རིམ་མཐོ་བ་ཞིག་བཏང་མེད་ཁར། དྲང་བདེན་མེད་པའི་ཚོང་འབྲེལ་སྲིད་བྱུས་དེ་འགྱུར་བཅོས་གཏོང་དགོས་སྐོར་བརྗོད་འདུག འོན་ཀྱང་འགྲེམས་སྟོན་དེར་རྒྱལ་ཁབ་༡༨ ཀྱི་སྲིད་འཛིན་དང་སྲིད་བློན་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད་འདུག

དཔྱད་བརྗོད་པ་ཁག་ཅིག་གིས་ཐེངས་འདིའི་ལས་རིམ་དེ་ལས། རྒྱ་ནག་གིས་ཕྱི་འདྲེན་ལ་བརྟེན་པའི་དཔལ་འབྱོར་ནས་རྒྱ་ནག་གི་མི་མང་གི་ཚོང་ཟོག་ཉོ་བའི་ནུས་པར་བརྟེན་པའི་དཔལ་འབྱོར་སྲིད་བྱུས་ལ་མང་བ་བརྟེན་འདོད་པའི་རྣམ་པ་ཞིག་ཡིན་སྐོར་བརྗོད་བཞིན་འདུག་པ་དང་། དེ་ཡང་རྒྱལ་ཁབ་གཞན་ནས་ནང་འདྲེན་དང་མ་འཇོག་མང་དུ་གཏོང་ཆེད་ཀྱི་དཔལ་འབྱོར་སྲིད་བྱུས་ཤིག་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༢༤༠ ཀློག་གྲངས།