ངོ་དེབ་ཀྱིས་འབར་མའི་དྲག་སྤྱོད་ཐད་འཐུས་ཤོར་སོང་བའི་འགན་ལེན་བྱས་འདུག

རྒྱལ་སྤྱིའི་ནང་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཆེ་ཤོས་ངོ་དེབ་ཚོང་ལས་ཁང་གིས། འབར་མའི་ནང་ཁ་ཆེ་གྲངས་ཉུང་མི་རིགས་ལ་དྲག་སྤྱོད་ཀྱི་གནད་དོན་བརྒྱུད་སྐུལ་བྱེད་ཆེད་ངོ་དེབ་བརྒྱུད་ལམ་བེད་སྤྱད་ཡོད་པ་དང་། དེ་འགོག་ཆེད་དུ་འཐུས་ཤོར་བྱུང་བའི་འགན་ལེན་བྱས་ཡོད་འདུག

ཟླ་༡༡ པའི་ཚེས་༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། མཉམ་འབྲེལ་རྒྱལ་ཁབ་ཀྱིས་འབར་མའི་ནང་ཁ་ཆེ་གྲངས་ཉུང་མི་རིགས་ལ་འཁོན་འཛིན་སློང་བྱེད་ཀྱི་བརྒྱུད་ལམ་བེད་སྤྱོད་ཆེ་ཤོས་ངོ་དེབ་ཡིན་ཡང་། ངོ་དེབ་ཚོང་ལས་ཁང་གིས་གནད་དོན་དེ་རིགས་འཕེལ་རྒྱས་འགྲོ་བར་བཀཀ་སྡོམ་བྱེད་པའི་ལས་དོན་ལ་འཐུས་ཤོར་བཏང་བའི་སྐྱོན་བརྗོད་བྱས་རྐྱེན། ཚོང་ལས་ཁང་དེས་རང་དབང་ཅན་གྱི་ཞིབ་འཇུག་ཁང་ཞིག་ལ་གནད་དོན་དེའི་ཐད་ཞིབ་འཇུག་བྱེད་པའི་ཆ་རྐྱེན་བསྐྲུན་ཡོད་པ་དང་། ཉེ་ཆར་དེའི་སྐོར་ཞིབ་འཇུག་སྙན་ཐོ་ཐོན་ནས། འབར་མའི་ནང་ཁ་ཆེ་གྲངས་ཉུང་མི་རིགས་ལ་དྲག་སྤྱོད་དངོས་སུ་བརྒྱུད་སྐུལ་བྱེད་ཆེད་ངོ་དེབ་བརྒྱུད་ལམ་བེད་སྤྱོད་བྱས་ཡོད་ཀྱང་། ཚོང་ལས་ཁང་གིས་དེ་རིགས་བཀག་འགོག་ཡོང་ཆེད་འབད་བརྩོན་གང་ཡོང་བྱས་མེད་སྐོར་དང་། མ་འོངས་ཕྱི་ལོ་༢༠༢༠ ལོའི་འབར་མའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་སྐབས། ངོ་དེབ་ཀྱིས་དོ་དམ་ནན་པོ་བྱེད་དགོས་སྐོར་འཁོད་ཡོད་འདུག

ངོ་དེབ་ཚོང་ལས་ཁང་གིས་འབར་མའི་ནང་ངོ་དེབ་བརྒྱུད་ལམ་བེད་སྤྱད་ནས། དྲག་སྤྱོད་དང་སྤྱི་ཚོགས་ཁ་འཐོར་བརྒྱུད་སྐུལ་བྱས་ཡོད་པའི་སྙན་ཐོའི་གྲུབ་དོན་ཡིན་པ་དང་། ཚོང་ལས་ཁང་ངོས་ནས་དེ་རིགས་བཀག་འགོག་བྱེད་པའི་ནུས་པ་ཡོད་པ་དང་བྱེད་དགོས་པ་ཁས་ལེན་བྱེད་ཀྱི་ཡོད་པ། ད་ལྟའི་ཆར་འབར་མའི་སྐད་ཡིག་ཤེས་མཁན་༩༩ ལ་ལས་ཀ་སྤྲད་ནས། དྲ་ཐོག་རྟོག་ཞིབ་བྱེད་བཞིན་ཡོད་པ། དེ་བཞིན་འབར་མའི་ནང་གི་དམག་དཔོན་དང་གཞུང་གི་དཔོན་རིགས་ཁག་ཅིག་གིས། ངོ་དེབ་ཐོག་ཁ་ཆེ་གྲངས་ཉུང་མི་རིགས་ལ་ངན་དམོད་དང་འཁོན་འཛིན་སློང་ཐབས་བྱས་ཡོད་པས། དེ་དག་གི་ངོ་དེབ་བཀག་སྡོམ་བྱས་ཟིན་སྐོར་བརྗོད་འདུག

འབར་མའི་ནང་ངོ་དེབ་བཀོལ་སྤྱོད་བྱེད་མཁན་མི་མང་ས་ཡ་༢༠ ལྷག་ཡོད་པ་དང་། མི་མང་གིས་ཉིན་རེའི་གནས་ཚུལ་ཤེས་རྟོགས་ཡོང་ཆེད་བརྒྱུད་ལམ་དེ་བེད་སྤྱོད་མང་ཤོས་བྱེད་ཀྱི་ཡོད་འདུག་པས། དེའི་ཐོག་ཁ་ཆེ་གྲངས་ཉུང་མི་རིགས་ལ་དྲག་སྤྱོད་དང་འཁོན་འཛིན་བརྒྱུད་སྐུལ་བྱེད་པའི་ཡིག་འཁྱམ་མང་པོ་ཞིག་ཡོང་གི་ཡོད་འདུག དེ་ཡང་ཕྱི་ལོ་༢༠༡༤ ལོར་ངོ་དེབ་ཐོག་ཏུ། ཁ་ཆེའི་སྐྱེས་པ་ཞིག་གིས་ནང་པའི་བུད་མེད་ཅིག་ལ་བཙན་གཡེམ་བཏང་བའི་དྲ་ཐོག་གནས་ཚུལ་རྫུན་མ་ཞིག་ཁྱབ་སྤེལ་སོང་ནས། གྲོང་ཁྱེར་མཱན་ཌ་ལི་ཞེས་པ་དེར་མི་རིགས་གཉིས་བར་འཁྲུག་འཛིང་ཚབས་ཆེན་ཤོར་བའི་གནས་ཚུལ་བྱུང་འདུག

ངོ་དེབ་ཀྱིས་བརྒྱུད་ལམ་དེར་འགྲོ་བ་མིའི་ཐོབ་ཐང་གི་སྲིད་བྱུས་ཞིག་གཏན་འབེབས་བྱེད་བཞིན་ཡོད་པ་དང་། དེ་ལ་བརྟེན་ནས་ངོ་དེབ་ཐོག་དྲག་སྤྱོད་སློང་བའི་གནས་ཚུལ་རིགས་བཀག་འགོག་དང་སྙན་སེང་ཞུ་བ་ལས་སླ་རུ་གཏོང་ཐུབ་རྒྱུ་ཡིན་སྐོར་བརྗོད་འདུག

འབར་མའི་ནང་ལོ་སྔོན་མར་ཁ་ཆེ་རུང་གྷེ་ཡ་མི་རིགས་ལ་དམག་མིས་དམར་གསོད་དང་བཙན་གཡེམ་སོགས་ཀྱི་དྲག་སྤྱོད་ཁྱབ་ཆེན་སྤེལ་རྐྱེན། རུང་གྷི་ཡ་མི་རིགས་འབུམ་བདུན་ལས་མང་བ་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་ཌེ་ཤིར་བྲོས་བྱོལ་ཕྱིན་ཡོད་པ་དང་། དེ་དག་གི་གནས་སྟངས་ཛ་དྲག་ངང་གནས་ཡོད་པ་མ་ཟད། མ་འོངས་པར་ཁོ་ཚོའི་མདུན་ལམ་དེ་ཡང་ཁ་གསལ་མེད་པར་གནས་ཡོད་པ་རེད་ལ། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གྱི་གནས་ཚུལ་ཚབས་ཆེན་དེར་མཉམ་འབྲེལ་རྒྱལ་ཁབ་ཀྱིས་མི་རིགས་རྩ་མེད་ཀྱི་ལས་འགུལ་དང་མཚུངས་ཀྱི་ཡོད་སྐོར་བརྗོད་ཡོད་ཁར། གནད་དོན་དེའི་ཐད་དེ་སྔོན་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ལྕམ་ཨང་སན་སུ་ཅི་ཡིས། དམག་མིའི་སྒྲིག་འཛུགས་ལ་སྐྱོན་བརྗོད་སོགས་ཀྱི་ཁ་གཏད་ལས་ཀ་གང་ཡང་བྱེད་ཀྱི་མེད་པའི་སྐྱོན་བརྗོད་ཤུགས་ཆེན་རྒྱལ་སྤྱིའི་མི་མང་གིས་བྱེད་བཞིན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༧༨༤ ཀློག་གྲངས།