ཁ་ནི་མི་དགེའི་བང་མཛོད་ཡིན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༢༤  ཕྱི་ལོ་ ༢༠༡༨/༡༡ /༧

བོད་པའི་ཁ་རྒྱུན་དུ་ཁ་ནི་མི་དགེའི་བང་མཛོད་ཡིན་ཞེས་བརྗོད་སྲོལ་ཡོད་པ་དང་། དེ་བཞིན་ཁ་རྨ་སོས་མེད་དང་ལག་རྨ་སོས་ཡོད་ཅེས་ཀྱང་བརྗོད་སྲོལ་ཡོད། མཚོན་ཆས་གཞན་ལ་རྨས་སྐྱོན་བཏང་ཡང་རྨ་སོས་ཏེ་དྲག་རྒྱུ་ཡོད་ནའང་། ཁ་ནས་ཚིག་ངན་བཤད་དེ་གཞན་སེམས་ལ་རྨ་ཁ་བཟོས་པ་དྲག་ཐབས་མེད་པའི་དོན་རེད། སྤྱིར་གནད་དོན་གཅིག་བཤད་སྐབས་དེ་རང་རྩལ་འདོན་བྱེད་པ་ལས་གཞན་གྱི་སྐོར་བཤད་སྲོལ་མེད་པ་བཞིན། སྐབས་འདིར་ཡང་ཁ་ནི་མི་དགེ་བའི་བང་མཛོད་ཡིན་པ་རྩལ་འདོན་བྱས་ནས་མཚོན་ཆ་བེད་སྤྱོད་བྱས་ནས་གཞན་ལ་རྨས་སྐྱོན་བཏང་བ་ལས་ཀྱང་། ཁ་ནས་ཚིག་ངན་བརྗོད་དེ་སེམས་ལ་རྨས་སྐྱོན་བཏང་བའི་ཉེས་པ་དག་ཐབས་མེད་ཚུལ་བརྗོད་པ་རེད། གླེང་སྟངས་འདི་ནི་རྒན་མོ་ཞིག་གིས་རང་ཉིད་ལ་ཆོས་ཁྲིད་གནང་མཁན་གྱི་བླ་མ་ལ་དགེ་བའི་ཕན་ཡོན་གསུང་སྐབས་བླ་མ་ཁྱེད་ཙམ་མ་ཟད་རྒན་མོ་ང་ཡང་བདེ་འགྲོ་འཐོབ་ས་རེད་སྙམ་པ་དང་། སྡིག་པའི་ཉེས་དམིགས་གསུང་སྐབས་རྒན་མོ་ང་ཙམ་དུ་མ་ཟད་བླ་མ་ཁྱེད་ཀྱང་ངན་སོང་དུ་ཕེབས་དགོས་ཐུག་ས་རེད་སྙམ་པ་འདུག་ཅེས་ཞུས་པ་དང་གཅིག་མཚུངས་ལྟ་བུ་རེད།

བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན་རྩོད་རྙོག་ཐམས་ཅད་ཀྱི་གཞི་རྩ་ཁ་ནས་ཕན་ཚུན་སྐྱོན་འཛུགས་དང་དམའ་འབེབས། སྒྲོ་འདོགས་དང་སྐུར་འདེབས། གླེང་འགེལ་དང་བསྙད་འདོགས་སོགས་གང་མང་བྱས་ནས་མི་དང་མིའི་བར་དང་། ཚོགས་ཁག་གི་བར་རྩོད་གླེང་དང་རྙོག་གྲྭ་བར་མ་ཆད་དུ་ཡོང་ཡོད། ལྷག་པར་དུ་དེང་སྐབས་སྐད་འཕྲིན་དར་ནས་ཕན་ཚུན་གདོང་སྟོན་མི་དགོས་པར་སྐྱོན་བརྗོད་བྱེད་འགོ་བཙུགས་པ་དང་། རྩོད་གླེང་འདི་ལྟ་བུ་ལ་ཡི་གེ་ཤེས་དང་མི་ཤེས། བརྗོད་པ་བདེ་དང་མི་བདེ། རྒྱུ་མཚན་ཡོད་དང་མེད་སོགས་ལ་ཁྱད་པར་གང་ཡང་མེད་པར་ཐད་ཀར་སེམས་ལ་དྲན་ཚད་བརྗོད་པ་དང་། ཕ་རོལ་པོ་ལ་སྐྱོན་དེ་དང་དེ་ལྟ་བུ་འདུག་སྙམ་པའི་ལྟ་ཚུལ་གཏན་ནས་མེད་ཀྱང་། མི་དེ་སྣང་བར་མི་འགྲོ་བ་རྒྱུ་མཚན་དུ་བྱས་ནས་དོན་མེད་སྐྱོན་འཛུགས་དང་དཀྲོག་གཏམ་སྤེལ་མཁན་མང་པོ་ཡོད་པ་ལ་བལྟས་ན་ཁ་ནི་མི་དགེའི་བང་མཛོད་ཡིན་ཞེས་པ་དེ་དོན་ལ་གནས་འདུག དེར་བརྟེན་རང་ཁ་རང་གིས་བསྡམས་ན་དམ་སེ་དང་། གཞན་གྱིས་བསྡམ་ན་ལྷོད་ཙམ་ཞེས་པ་བཞིན་གཞན་གྱིས་ཁ་ཁྲིམས་བཞག་ནས་འགོག་མི་ཐུབ་ཀྱང་རང་ཉིད་ཀྱིས་རང་ལ་ཚོད་འཛིན་བྱེད་ཐུབ།

ད་དུང་ཆོས་ཕྱོགས་ནས་བཤད་ན་རྫུན་དང་། ཕྲ་མ། ཚིག་རྩུབ། ངག་ཀྱལ་དང་བཞི་ནི་མི་དགེ་བ་བཅུའི་ནང་ནས་འབྱུང་སླ་ཤོས་དག་ཡིན་ལ། མི་དགེ་བ་བཅུའི་ནང་ནས་མང་ཤོས་ཀྱང་ངག་གམ་ཁ་ལ་བརྟེན་ནས་བྱུང་ཡོད། འདི་ནི་ནང་པ་སངས་རྒྱས་པའི་ཆོས་ཀྱི་གཞུང་ལུགས་ནས་བྱུང་བའི་ཉེས་པ་ལྕི་ཤོས་གྲས་ཡིན་པ་དང་། ད་ལྟ་འཇིག་རྟེན་འདི་དང་སྤྱི་ཚོགས་འདིར་འབྱུང་བཞིན་པའི་གནད་དོན་ཁག་གི་ཐོག་ནས་བཤད་ཀྱང་། ཁ་ནས་བཤད་པའི་ཉེས་པ་དང་དེ་ལ་བརྟེན་ནས་བྱུང་བའི་མཇུག་འབྲས་ནི་བསམ་མི་ཕོད་པའི་ཚོད་དུ་གྱུར་ཡོད། དེར་བརྟེན་ཆོས་སྒྲུབ་པའི་སྐབས་ངག་བཅད་བྱེད་སྲོལ་ཡོད་པའང་གནད་དོན་འདི་ལ་བརྟེན་ནས་བྱུང་ཞིང་། དོན་དམ་པར་ཁ་ནི་མི་དགེའི་བང་མཛོད་ཅིག་ཡིན་པ་ཕྱོགས་གང་ཐད་ནས་གསལ་པོ་ཡིན་པས། དོན་མེད་ཁ་ནས་ཚིག་ངན་སྨྲ་བར་ངན་གོམས་སུ་གྱུར་པ་ཞིག་ལ་མཚོན་ན་དེ་ཙམ་དོ་སྣང་ཡོང་མི་ཐུབ་པ་དང་། དོན་དངོས་བསམ་བློ་ཞིབ་ཏུ་བཏང་སྟེ་བལྟས་ན་ཁ་ནས་བྱུང་བའི་མི་དགེ་བ་དང་། དེ་ལ་བརྟེན་ནས་སྤྱི་ཚོགས་ནང་འཁྲུག་རྐྱེན་བྱུང་བ་ནི། ད་ལྟའི་དུས་ཚོད་འདིར་འཛམ་གླིང་ཤར་ནུབ་ཀུན་ནས་ཚད་མཐོ་ཤོས་སུ་གྱུར་ཡོད།

ལྷག་པར་དུ་མཚོན་ཆ་བེད་སྤྱོད་བྱས་ནས་འཁྲུག་འཛིངས་མི་བྱེད་པའི་ཡུལ་གྲུ་ཞིག་ལ་མཚོན་ན། ཕན་ཚུན་རྩོད་རྙོག་གི་གཞི་རྩ་གཙོ་བོ་ཁ་ཡིས་བཤད་པའི་སྐད་ཆ་ལ་བརྟེན་ནས་ཡོང་གི་ཡོད་པ་དང་། ཨ་རི་དང་། བྱང་ཀོ་རི་ཡ་ལྟ་བུར་མཚོན་ན་ཕན་ཚུན་ཁ་དམག་མང་པོ་བརྒྱབ་ནས་འཛམ་གླིང་ཧྲིལ་པོར་ཞེད་སྣང་སྐྱེ་དགོས་པ་ཞིག་བཟོས་ཀྱང་། ཁ་ནས་ཕན་ཚུན་ཞི་འཇམ་གྱི་སྐད་ཆ་བཤད་ནས་ནང་འགྲིག་གི་ཁོར་ཡུག་བཙལ་ཡོད་སྟབས། ཁ་ནི་དགེ་དང་མི་དགེ་གང་བྱས་ནས་ནུས་པ་ཧ་ཅང་ཆེ་བ་ཞིག་ཏུ་གྱུར་ཡོད། ཕྱོགས་གཅིག་ནས་དགེ་རྒན་གྱིས་དགེ་ཕྲུག་ལ་སློབ་ཁྲིད་ཁ་ནས་བྱེད་དགོས་པ་དང་། ཕ་མས་བུ་ཕྲུག་ལ་བསླབ་བྱ་ཡང་ཁ་ནས་གནང་གི་ཡོད་པ་བཞིན། ཆོས་འཇིག་རྟེན་གང་ཐད་ནས་ཁ་ལ་བརྟེན་ནས་བཟང་ཕྱོགས་ཀྱི་ལས་དོན་བསྒྲུབས་དང་སྒྲུབ་བཞིན་པའི་གནས་ཚུལ་ཡང་ཧ་ཅང་མང་པོ་ཡོད་མོད། དེ་རིང་འདིར་ཁ་ནི་མི་དགེའི་བང་མཛོད་ཡིན་པ་གཙོར་འདོན་བྱ་རྒྱུ་ལས་ཁ་ཡི་བཟང་ཕྱོགས་བཤད་རྒྱུ་མིན། གོང་དུ་བརྗོད་པ་བཞིན་ཁ་ལ་བརྟེན་ནས་བྱུང་བའི་རྩོད་རྙོག་དང་དམག་འཁྲུག་སོགས་གོ་ལ་ཧྲིལ་པོ་འདིའི་ཁྱོན་དུ་གང་མང་ཡོང་གི་ཡོད།

མདོར་ན་བོད་པའི་ཁ་རྒྱུན་དུ་ལེབ་ལེབ་ཁ་ལ་བདག་པོ་མ་བརྒྱབ་ན། རིལ་རིལ་དབུ་ལ་དབུ་བརྒྱལ་བཟོས་ཡོང་ངོ་། ཞེས་པ་བཞིན་ད་ལྟའི་དུས་འདིར་དབུ་ལ་དབུ་བརྒྱལ་བཟོ་མཁན་ཅུང་དཀོན་ཡང་། ཁ་ལ་བདག་པོ་མ་བརྒྱབ་ན་དོན་མེད་དུ་སྤྱི་ཚོགས་ལ་དཀའ་ངལ་མང་པོ་ཡོད་པ་ནི་སྨྲོས་མི་དགོས། བཙན་བྱོལ་སྤྱི་ཚོགས་ཀྱི་རྩོད་རྙོག་ཐམས་ཅད་ཁ་ལ་བརྟེན་ནས་བྱུང་བ་ལས། གཞན་ཕ་ཤ་མ་འཁོན་གྱི་རྩོད་རྙོག་ཅིག་གཏན་ནས་མེད། སྤྱིར་ཁ་ལའང་དབྱེ་བ་མང་པོ་ཡོད་ལ། བླུན་པོ་བརྒྱ་ཡི་ཁ་ལས་མཁས་པ་གཅིག་གི་ཁ་ཤུགས་རྐྱེན་ཆེ་བ་དང་། དབང་མེད་སྟོང་གི་ཁ་ལས་དབང་ཡོད་གཅིག་གི་ཁ་ཤུགས་རྐྱེན་ཆེ་བས། ཁ་ལ་བདག་པོ་རྒྱག་དགོས་པར་མཐོ་དམན་དང་དབུལ་ཕྱུག་གི་ཁྱད་པར་མེད་པར་གཅིག་པ་ཡིན་པ་མ་ཟད། མཐོན་པོ་དང་མཁས་པ་དག་གི་ཁ་ལ་བདག་པོ་མ་བརྒྱབ་ནས་ཤུགས་རྐྱེན་དང་གནོད་པ་བརྒྱ་འགྱུར་གྱིས་ཆེ། ད་དུང་མཐོན་པོར་མཇལ་དུས་ཀྱི་ཁ་དང་། དམའ་མོར་ཐུག་དུས་ཀྱི་ཁ། ཕྱི་ལ་ཐུག་དུས་ཀྱི་ཁ་དང་། ནང་ལ་ཐུག་དུས་ཀྱི་ཁ་སོགས་མི་གཅིག་ལའང་ཁ་མི་འདྲ་བ་མང་བས་གང་ལྟར་ཁ་ལ་བདག་པོ་རྒྱག་མ་ཐུབ་ན་ཕན་ལས་གནོད་པ་ཆེ།།

Share this:
༡༡༡༡ ཀློག་གྲངས།