བོད་ཨ་མདོ་རྔ་པ་ནས་བསྐྱར་དུ་རང་སྲེག་རྒྱ་རྒོལ།

ཟླ་འདིའི་ཚེས་༤ ཉིན་བོད་ཨ་མདོ་རྔ་པའི་ནང་སླར་ཡང་རྒྱ་ནག་གཞུང་གིས་བོད་དབང་བསྒྱུར་གྱི་སྲིད་བྱུས་ཁག་ལ་ངོ་རྒོལ་དང་། ཞུ་འབོད་སླད་གཞོན་སྐྱེས་རྡོ་པོས་རང་ལུས་མེ་རུ་བསྒྲོན་ནས་སྐད་འབོད་བྱས་པའི་གནས་ཚུལ་འདུག

དེ་ཡང་དྷ་ས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།  རང་སྲེག་པ་རྡོ་པོས་རང་ལུས་མེར་སྲེག་བཞིན་“རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བརྟན་དགོས། གསེར་ཞལ་མྱུར་ཏུ་མཇལ་བར་ཤོག” ཅེས་སྐད་འབོད་བྱས་ནས་མཐར་འདས་གྲོངས་སུ་གྱུར་ཡོད་འདུག

ཁོང་ནི་རྔ་པ་རྫོང་ཆོས་རྗེ་མ་ཡུལ་ཚོའི་བྱ་སྐོར་སྡེ་པ་ནས་ཡིན་པ། མིང་ལ་རྡོ་པོ། རང་ལོ་ ༢༣། ཕ་མིང་ལ་གཅོད་པ། མ་མིང་ལ་འཕྲིན་ལས་སྐྱིད་ཡིན་ཞིང་། ཨ་མ་ལོ་ཤས་གོང་ནས་གྲོངས་འདུག དེང་སྐབས་ཁོང་ཨ་ཞང་འཇམ་དཔལ་གྲགས་པའི་ནང་ལ་གནས་སྡོད་བྱས་ཡོད་འདུག ཁོང་འདས་གྲོངས་སུ་སོང་པའི་རྗེས་སུ་སྐུ་ཕུང་རྒྱ་གཞུང་གིས་འཕྲོག་ཡོད་མེད་དང་། ཤུལ་ལུས་ནང་མིའི་གནས་སྟངས་ཅི་ཡིན་སོགས་རྒྱ་ནག་གཞུང་གི་དམ་དྲག་འོག ཞིབ་ཕྲ་ཤེས་རྟོགས་ཐུབ་མེད།

བྱ་སྐོར་མ་སྡེ་པ་ནི་དེང་སང་རྒྱ་གཞུང་གིས་བཅད་བགོས་བྱས་པའི་རྔ་པ་རྫོང་ཆོ་རྗེ་མ་ཡུལ་ཚོའི་རུ་ཆེན་གཉིས་པ་ཡིན་པ་དང་། འཚོ་ཐབས་ནི་འབྲོག་ལས་ལ་བརྟེན་ཡོད་འདུག འདི་ནི་ད་བར་ཤེས་རྟོགས་ཐུབ་པའི་ཨ་མདོ་རྔ་པ་ཁུལ་ནང་བྱུང་བའི་རང་ལུས་མེ་སྲེག་གནང་མཁན་༤༡ པ་ཡིན་འདུག རྒྱ་ནག་གི་དབང་བསྒྱུར་འོག་བོད་ལ་དམ་དྲག་ཆེ་བས། གནས་ཚུལ་དུས་ཐོག་མི་འབྱོར་བ་དང་རང་སྲོག་ཤོར་མཁན་གྱི་གྲངས་ཀ་མ་ལོན་པའི་དཀའ་ངལ་ཡོད་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༨༤༡ ཀློག་གྲངས།