གསར་འགྱུར་སྒྲོག་སྦྱང་བྱེད་མཁན་འཕྲུལ་ཆས་ཀྱི་མི་ཆེས་ཐོག་མ།

གསར་འགྱུར་སྒྲོག་སྦྱང་བྱེད་མཁན་འཕྲུལ་ཆས་ཀྱི་མི་ཆེས་ཐོག་མ་རྒྱ་ནག་ནས་འགོ་འཛུགས་བྱས་ཡོད་པ་དང་། དེས་ཉིན་ཞག་གཅིག་ནང་གི་ཆུ་ཚོད་༢༤ དང་། ལོ་གཅིག་ནང་གི་ཉིན་ཞག་༣༦༥ ཚང་མར་ལས་ཀ་བྱེད་ཐུབ་ཅེས་བརྗོད་ཀྱི་འདུག

ཟླ་འདིའི་ཕྱི་ཚེས་༩ དབྱིན་ཡུལ་གྱི་གསར་ཁང་གྷར་ཌི་ཡེན་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༧ ནས་༩ བར་ཉིན་གསུམ་རིང་རྒྱ་ནག་ཏུ། འཛམ་གླིང་དྲ་རྒྱའི་ལོ་འཁོར་ཚོགས་ཆེན་ཞེས་པ་དེ་འཚོགས་ཀྱི་ཡོད་འདུག་པ་དང་། ཚོགས་ཆེན་སྐབས་རྒྱ་ནག་གཞུང་འབྲེལ་ཤིན་ཧཱ་གསར་ཁང་གིས་བདུན་ཕྲག་འདིའི་ནང་རྒྱ་སྐད་དང་དབྱིན་སྐད་ཀྱི་གསར་འགྱུར་སྒྲོག་སྦྱང་བྱེད་མཁན་འཕྲུལ་ཆས་ཀྱི་མི་ཆེས་ཐོག་མ་དེ་འགོ་འཛུགས་བྱས་ཡོད་འདུག

དབྱིན་སྐད་ཀྱི་ཐོག་ནས་གསར་འགྱུར་སྒྲོག་སྦྱང་བྱེད་མཁན་འཕྲུལ་ཆས་ཀྱི་མི་དེའི་མིང་ལ་ཅུའུ་ཧཱ་ཞེས་བཏགས་ཡོད་འདུག་པ་དང་། ཅུའུ་ཧཱས་མགོ་བོ་གུག་པ་དང་། མིག་གདངས་བཙུམ་སོགས་ལུས་ངག་གི་རྣམ་འགྱུར་མི་དང་མཚུངས་པར་བྱེད་ཀྱི་ཡོད་ཁར། ཆེས་ཐོག་མའི་གསར་འགྱུར་སྒྲོག་སྦྱང་བྱེད་སྐབས་སུ་“ཚང་མར་བཀྲ་ཤིས་བདེ་ལེགས་ཞུ། ང་དབྱིན་སྐད་ཀྱི་གསར་འགྱུར་སྒྲོག་སྦྱང་བྱེད་མཁན་འཕྲུལ་ཆས་ཀྱི་མི་ཞིག་ཡིན། དེ་རིང་ངས་ཤིན་ཧཱ་གསར་ཁང་གི་གསར་འགོད་ཀྱི་ལས་ཀ་གཉེར་བའི་ཉིན་དང་པོ་དེ་ཡིན་”ཞེས་བརྗོད་ཀྱི་ཡོད་པའི་དྲ་བརྙན་བརྒྱུད་ལམ་ཁག་ཏུ་སྤེལ་འདུག

དེ་བཞིན་ཅུའུ་ཧཱས་“ངས་ཉིན་ཞག་གཅིག་ནང་གི་ཆུ་ཚོད་༢༤ དང་། ལོ་གཅིག་ནང་གི་ཉིན་ཞག་༣༦༥ ཚང་མར་ལས་ཀ་བྱེད་ཐུབ་”ཅེས་དང་“ཡིག་ལམ་ནས་བཀོད་འདོམས་ཇི་ལྟར་བྱེད་པ་བཞིན་ངལ་བ་གང་ཡང་མེད་པའི་ཐོག་ནས་ངས་ལས་ཀ་བྱེད་རྒྱུ་ཡིན་”ཞེས་སོགས་བརྗོད་ཀྱི་འདུག་པ་དང་། འཕྲུལ་ཆས་ཀྱི་མི་གསར་འགྱུར་སྒྲོག་སྦྱང་བྱེད་མཁན་འགོ་འཛུགས་བྱས་པར་རྒྱ་ནག་ནང་གི་གསར་འགྱུར་ཉན་མཁན་དང་ལྟ་མཁན་མང་པོ་ཞིག་གིས་འཚམས་འདྲི་དང་དགའ་བསུ་བྱེད་ཀྱི་ཡོད་འདུག་ཀྱང་། ཁག་ཅིག་གིས་ཞེད་སྣང་དང་དངངས་འཚབ་ཡོད་པའི་རྣམ་འགྱུར་སྟོན་གྱི་ཡོད་འདུག རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་བཏོན་པའི་སྙན་ཐོ་ལྟར་ན། རྒྱ་ནག་ནི་ཕྱི་ལོ་༢༠༡༨ ལོར་འཛམ་གླིང་ནང་ནས་གསར་འགོད་རང་དབང་གི་ཐོག་དམ་དྲག་ཆེ་ཤོས་ཀྱི་རྒྱལ་ཁབ་ཨང་ལྔ་པ་དེ་ཡིན་འདུག

འཕྲུལ་ཆས་ཀྱི་མི་ཅུའུ་ཧཱའི་སྐད་ནི་ཤིན་ཧཱ་གསར་ཁང་གི་གསར་འགོད་པ་ཅཱང་ཅོའོ་ཞེས་པའི་སྐད་དང་གཅིག་པ་བཟོས་པ་ཞིག་ཡིན་འདུག་པ་དང་། ཆེས་ཐོག་མའི་འཕྲུལ་ཆས་ཀྱི་མི་གསར་འགྱུར་སྒྲོག་མཁན་བཟོ་སྐྲུན་བྱེད་ཚུལ་ནི། དངོས་སུ་གསར་འགྱུར་སྒྲོག་སྦྱང་བྱེད་མཁན་ཚོའི་སྐད་གདངས་དང་། གདོང་གི་རྣམ་འགྱུར། དེ་བཞིན་ལུས་ཀྱི་སྟངས་སྟབས་བཅས་ཀྱི་ཐོག་འཕྲུལ་ཆས་ལ་སློབ་ནས་རིམ་བཞིན་ཡར་རྒྱས་བཏང་བ་ཞིག་ཡིན་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༧༣༨ ཀློག་གྲངས།