ཆོས་བརྡ་གསལ་བསྒྲགས། 

 ཆོས་བརྡ་གསལ་བསྒྲགས།                                                                 

༄༅།།      རིས་མེད་བསྟན་པའི་གསལ་བྱེད་མཁན་ཆེན་དམ་པ ༧ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་འདས་མཆོད་སྨོན་ལམ་སྐབས་བཅུ་དྲུག་པར།   ཇི་ལྟར་གདན་ཞུའི་གསོལ་འདེབས་ཕུལ་དོན་ལྟར།       

               དཔལ་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་དབུ་བཞུགས་ཀྱིས།   ཕྱི་ལོ་2019 ཟླ 1 པོའི་ཚེས 1 ནས 3 བར་ཏེ་ཉིན་གསུམ་རིང་།   གནས་མཆོག་རྡོ་རྗེ་གདན་བྱང་ཆུབ་ཤིང་དྲུང་དུ་བླ་མ་མཆོད་པ་དང་།   རྡོར་སེམས་སྒོམ་བཟླས། འཇམ་དཔལ་མཚན་བརྗོད།  བཟང་སྤྱོད་སྨོན་ལམ་སོགས་གསོག་བསྒྲུབ་ཀྱི་སྒོ་ནས་འཚོགས་གཏན་ཁེལ་བ་ལ།   འདས་མཆོད་སྨོན་ལམ་གོ་སྒྲིག་ཚོགས་པས་སྨོན་ལམ་ཞལ་འདེབས་མ་དངུལ་ནས་འགྲོ་སོང་གི་ཐུགས་འགན་གཙོར་བཞེས་ཐོག    འཚོགས་ཉིན་སྔ་གཞུག་བསྡོམ་ཉིན་ལྔའི་རིང་གི་དགེ་འདུན་པའི་བཞུགས་ཤག་དང་བཞེས་ལག་སོགས་རྙིང་མ་དགོན་པར་གྲ་སྒྲིག་ཡོད་པའི་ཁར།  གྲྭ་མང་འཚོགས་ཞུགས་ཡོངས་ལ་སྐུ་ཡོན་དང་མང་ཇ་བཞེས་བག་སོགས་ཀྱི་བསྙེན་བཀུར་གང་ནུས་འཆར་ཅན་བཞིན་ཞུ་འཆར་ལགས་ན།  རྒྱ་བལ་འབྲུག་གསུམ་སོགས་ནས་ཆེད་དུ་གདན་ཞུ་བྱས་པའི་གྲྭ་ཚང་ཁག་གི་གཙོས།  ཕྱོགས་དང་རིས་སུ་མ་ཆད་པའི་མཁན་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ཀྱིས་དབུས་གྲྭ་བཙུན་སྔགས་གསུམ་སོགས་གང་མང་མང་ཕེབས་ཐུབ་རྒྱུར་གསོལ་འདེབས་ཞུ་རྒྱུ་དང་།  

                དམིགས་བསལ་བླ་རུང་ཆོས་སྒར་ཆེན་མོའི་སློབ་མ་སློབ་བརྒྱུད་དང་བཅས་པ་འཚོགས་དུས་ཀྱི་ཉིན་བཅུའི་སྔོན་ནམ་གང་ཐུབ་ཀྱིས་སྔ་ཙམ་ཕེབས་ཏེ་གོ་སྒྲིག་ཚོགས་མི་རྣམས་ལ་མཐུན་འགྱུར་དང་རོགས་ཕན་གང་ནུས་བསྩལ་གནང་ཡོང་རེ་བཅས་ཀྱི་གསལ་བསྒྲགས་སུ།  

            

             འདས་མཆོད་སྨོན་ལམ་གོ་སྒྲིག་ཚོགས་ཆུང་ནས།  ཕྱི་ལོ 2018 ལོའི་ཟླ 11 ཚེས15 ལའོ།།

Share this:
༡༡༢༠ ཀློག་གྲངས།