ལོ་ལྔའི་ནང་སློབ་ཕྲུག་༣༠༨༧ ལ་ཤེས་ཡོན་སྤྲད་ཐུབ་སོང་།

བོད་འཛམ་གླིང་(Tibet World)གསར་འཛུགས་གནང་མཁན་དང་འགན་འཛིན་ཡེ་ཤེས་ལྷུན་གྲུབ་ལ་འདས་པའི་ལོ་ལྔའི་རིང་ཚོགས་པའི་ལས་དོན་དང་གྲུབ་འབྲས། མ་འོངས་ལས་འཆར་བཅས་ཀྱི་ཐོག་བཅར་འདྲི་ཞུས་ཡིན།

དྲི་བ། ཁྱེད་རང་ངོ་སྤྲོད་དང་སྦྲགས་བོད་འཛམ་གླིང་ཐོག་མར་འགོ་འཛུགས་ཇི་ལྟར་བྱས་པའི་སྐོར་ལ་གསུང་རོགས།

ལན། ངའི་མིང་ལ་ཡེ་ཤེས་ལྷུན་གྲུབ་ཟེར། ང་བོད་ནས་ཡོང་བ་ཞིག་ཡིན། ཕྱི་ལོ་༡༩༩༥ ལོར་དྷ་རམ་ས་ལར་འབྱོར་སོང་། ཕྱི་ལོ་༡༩༩༦ ནས་བཟུང་སུ་ཇཱ་སློབ་གྲྭ་དང་། དྷ་སྟེང་བོད་ཁྱིམ་བཅས་སུ་རིམ་པར་སློབ་སྦྱོང་བྱས་ནས་འཛིན་གྲྭ་བཅུ་པ་ཐོན་རྗེས། བྷེལ་ཀོབ་བོད་ཁྱིམ་ནས་འཛིན་གྲྭ་བཅུ་གཉིས་ཐོན་སོང་། དེ་རྗེས་བྷེང་ལོར་མཐོ་སློབ་ནས་ཁྱོན་བསྡོམས་ལོ་དྲུག་གི་རིང་ལ་སློབ་སྦྱོང་བྱས་ཡིན། ༧སྐྱབས་མགོན་རིན་པོ་ཆེ་དང་སྐྱབས་བཅོལ་བོད་གཞུང་། བོད་ཁྱིམ་སློབ་གྲྭ་བཅས་ཀྱི་བཀའ་དྲིན་ལ་བརྟེན་ནས་སོ་སོར་གོ་སྐབས་བཟང་པོ་ཞིག་རག་ཡོད་རེད། ཕྱོགས་གཞན་ཞིག་ནས་ང་ཚོ་འཛམ་བུ་གླིང་གི་རྒྱལ་ཁབ་གཞན་དང་ཏོག་ཙམ་འདྲ་ཡི་མ་རེད། ང་རང་གི་སེམས་ནང་ལ་སོ་སོ་རྒྱལ་ཁབ་མེད་མཁན་ཞིག་ཡིན་དུས་སོ་སོ་རང་མགོ་གང་ཐོན་དང་ལྟོ་གོས་འདང་ཙམ་བྱས་ན་འགྲིག་གི་མ་རེད་བསམ་པ་ཞིག་ག་དུས་ཡིན་ནའང་འཁོར་གྱི་འདུག སྤྱིར་སློབ་གྲྭར་བསྡད་དུས་སུ་སློབ་གྲྭའི་འགན་བདག་དང་། མཐོ་སློབ་སྐབས་སུ་ས་གནས་གཞོན་ནུའི་དྲུང་ཆེའི་ལས་འགན་གྱིས་མཚོན་པའི་ལས་འགུལ་མང་པོ་སྤེལ་མྱོང་ཡོད།

ང་རང་གི་བསམ་པར་བོད་མི་རིགས་འདི་ལ་ཕྱོགས་གཅིག་ནས་བལྟས་ན་འཛམ་བུ་གླིང་གཞན་དང་མི་འདྲ་བར་རྒྱལ་ཁབ་རྩོད་ལེན་བྱ་རྒྱུའི་གོ་སྐབས་གསར་པ་ཞིག་ཡོད་རེད། ཕྱོགས་གཞན་ཞིག་ནས་བལྟས་ན་ང་ཚོ་བོད་མི་རིགས་འདི་སོ་སོའི་གྲོད་ཁོག་རྒྱགས་ཙམ་བྱས་བསྡད་ན་འགྲིག་རྒྱུ་མེད་པ་ཞིག་རེད། གཞན་འཛམ་གླིང་གི་རྒྱལ་ཁབ་ཚོ་ཡིན་ན་སོ་སོའི་ནང་མི་སྤྱི་ཚོགས་ནང་ཡར་ལངས་ཐུབ་ན་དེས་འགྲིག་ཀྱང་། ང་ཚོར་རྐང་པ་འཛུགས་ས་ཞིག་མེད་དུས་ང་ཚོ་བོད་མི་རིགས་འདིར་འགན་འཐོལ་པ་ཞིག་ཡོད་རེད། བོད་ལ་ཡིན་ན་རྒྱ་མིས་ཁེངས་བསྡད་ཡོད་རེད། ཕྱི་ལོགས་ཀྱི་གནས་སྟངས་ང་ཚོས་ཧ་གོ་ཡི་ཡོད་རེད། དེ་འདྲ་ཡིན་དུས་ཐོག་མར་ང་དྷ་སར་འབྱོར་སྐབས་བོད་ལ་འགྲོ་རྒྱུའི་འཆར་གཞི་གཏིང་ཟབ་མོ་འདྲ་ཞིག་བཏིང་བ་ཡིན། འཆར་གཞི་ག་རེ་རེད་ཟེར་ན། བོད་ནང་ལ་རྒྱ་མིས་བོད་ཀྱི་ཁོར་ཡུག་གཏོར་བཤིག་གཏོང་གི་ཡོད་རེད། དམིགས་བསལ་ཤིང་ནགས་གཅོད་འབྲེག་བྱས་པར་ང་ཚོའི་ངོས་ནས་ངོ་རྒོལ་བྱེད་ཀྱི་ཡོད་རེད། ཡིན་ན་ཡང་། ང་རང་གི་བསམ་པར་རྒྱ་ནག་གི་བྱ་སྤྱོད་དེར་ངོ་རྒོལ་བྱས་པ་ཙམ་མིན་པར། དངོས་སུ་སོ་སོ་བོད་ནང་ལ་འགྲོ། བོད་ནང་གི་རི་མང་པོ་ཞིག་ལ་ཤིང་ནགས་གཅིག་ཀྱང་མེད་པར་སྐྱ་བོ་ལྷག་བསྡད་ཡོད་པ་ངས་ཤེས་ཀྱི་ཡོད་དུས། དེ་ཚོའི་སར་རྩི་ཤིང་འདེབས་འཛུགས་ཀྱི་ལས་ཀ་ཞིག་བྱེད་ཐུབ་ན་དྲན་སོང་། དྷ་སར་འབྱོར་རྗེས་མི་མང་པོར་དེའི་ཐད་བཀའ་འདྲི་ཞུས་ཀྱང་། སུ་གཅིག་གིས་ང་ལ་རྒྱབ་སྐྱོར་གནང་མ་སོང་།

རིམ་བཞིན་སེམས་ཤུགས་མར་མར་ཆགས་ནས་དྷ་སར་ལོ་གཅིག་དང་ཕྱེད་རིང་དང་བླངས་ཀྱི་ལས་ཀ་བྱས་ཡིན། ང་རང་གིས་ག་དུས་ཡིན་ན་ཡང་ངས་ག་རེ་བྱེད་ཐུབ་ཀྱི་འདུག བོད་པ་ལ་ག་རེ་དགོས་ཀྱི་འདུག བོད་པས་ག་རེ་བྱེད་ཐུབ་ཀྱི་འདུག་ཟེར་ནས། དེའི་ཐོག་ལ་བསམ་བློ་འདྲ་གཏོང་བསྡད་ཀྱི་ཡོད། དེའི་རྗེས་སུ་ང་རང་གི་སེམས་ནང་ལ་ཚོར་བ་ག་རེ་བྱུང་ཟེར་ན། ངས་དང་བླངས་ཀྱི་ལས་ཀ་བྱེད་དུས་སྐད་ཡིག་སློབ་ཀྱི་ཡོད་སྟབས། སྐབས་དེ་དུས་ཕྲུ་གུ་ཚོར་སྐད་ཡིག་སྦྱངས་ནས་ག་རེ་བྱེད་ཀྱི་ཡོད་ཟེར་དྲིས་དུས། ཨེ་བྷི་(AB)ཤེས་པ་ཙམ་གྱིས་ཕན་ཐོགས་འདུག མེ་འཁོར་འབབ་ཚུགས་ལྟ་བུ་ཞིག་ལ་འགྲོ་དུས་ A སྡེ་ཚན་དང་། B སྡེ་ཚན་ལ་འགྲོ་ཐུབ་ཀྱི་འདུག་ཟེར། དེ་བཞིན་གསང་སྤྱོད་ལ་མཚོན་ན་ཡང་ཕོ་མོའི་གསང་སྤྱོད་མ་ནོར་བར་ཡོང་གི་འདུག་ཟེར། སྤྱིར་བཏང་མི་གཞན་པ་ཞིག་ལ་སྐད་ཡིག་གི་སྐད་ཆ་བཤད་དུས་ལས་ཀ་རག་རྒྱུ་སོགས་མང་པོ་ཞིག་ཡོད་རེད་དེ། སྐད་ཡིག་དེ་མིའི་སྤྱི་ཚོགས་ནང་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་གལ་ཆེ་ཤོས་ཤིག་རེད། ང་རང་ལ་ཡང་སེམས་ཚོར་དེ་འདྲ་ཞིག་སླེབས་སོང་། ང་ཚོ་བོད་ནས་སླེབས་དུས་རྒྱ་གར་གྱི་སྐད་མ་ཤེས། རྒྱ་གར་གྱི་འགྲོ་སྟངས་མ་ཤེས། སྐད་ཡིག་མ་ཤེས་དུས་དཀའ་ངལ་ཡོད་རེད། གཅིག་པ་གཅིག་རྐྱང་ཕྲུ་གུ་ཚོས་དེ་འདྲ་ལབ་དུས་ང་རང་གི་སེམས་ནང་ལ་སྐད་ཡིག་དེ་གལ་ཆེན་པོ་ཞིག་རེད་འདུག་བསམ་བསམ་གྱི་སེམས་ཚོར་སླེབས་སོང་།

དེ་ནས་རིམ་བཞིན་ངས་ཕྱི་ལོ་༢༠༡༣ ལོར་ཐོག་མར་ང་རང་གི་ཉལ་ཁང་ནང་སྐད་ཡིག་སྦྱོང་སའི་འཛིན་གྲྭ་བཙུགས་པ་ཡིན། དང་པོ་ཕྲུ་གུ་གཉིས་གསུམ་ལས་མེད་ཀྱང་། རིམ་བཞིན་མང་དུ་སོང་ནས་ད་ལྟའི་གནས་སྟངས་འདིའི་བར་སླེབས་པ་རེད། ད་ལྟའི་ཆར་བོད་འཛམ་གླིང་གི་ནང་ལ། བོད་ཡིག་དང་། དབྱིན་ཡིག རྒྱ་ཡིག ཧྥ་རན་སི། འཇར་མན་ནི་བཅས་སྐད་ཡིག་ལྔ་སློབ་ཀྱི་ཡོད་རེད།འདས་པའི་མི་ལོ་ལྔའི་ནང་ལ་ནང་དང་བླངས་པ་༢༠༩༦ ལྷག་དང་སློབ་ཕྲུག་༣༠༨༧ བརྒལ་བར་ཤེས་ཡོན་གྱི་གོ་སྐབས་བསྐྲུན་ཐུབ་པ་བྱུང་སོང་། ཕྱོགས་གཉིས་ནས་བསམ་བློ་བཏང་ན་སྐད་ཡིག་སློབ་སྦྱོང་སྤྲད་ནས་ཚོང་རྒྱག་རྒྱུ་ཡོད་རེད་དེ། ང་ཚོས་དེའི་ཐོག་ནས་ཚོང་མ་རྒྱག་པར། སྐད་ཡིག་དེ་མི་ལ་ཕན་ཡ་རང་གི་ཆེད་དུ་ཧ་ཅང་གལ་ཆེན་པོར་བརྩིས་པ་རེད། ང་ཚོའི་སྐད་ཡིག་སློབ་ཁྲིད་ཀྱི་འགྲོ་གྲོན་དེ་བྷེང་ལོར་དང་། ལྡི་ལི་ལྟ་བུ་ཞིག་ལ་བཙུགས་པ་ཡིན་ན་འགྲོ་སོང་གཅིག་པུ་ཉུང་མཐར་ཟླ་གཅིག་ལ་མི་རེར་ཧིན་སྒོར་༦༠༠༠ ལྷག་འགྲོ་ཡི་ཡོད་རེད། ཚོགས་པའི་མིང་ལ་བོད་འཛམ་གླིང་ཞེས་མིང་བཏགས་ཡོད་རེད། དེའི་དོན་དེ་བོད་ཀྱི་ཡུལ་སྲོལ་གོམས་གཤིས། ཆས་གོས་སོགས་རིག་གནས་ཚང་མ་འདིའི་ནང་ནས་རག་ཐུབ་པ་ཞིག་ཡོང་རྒྱུ་དམིགས་ཡུལ་བཟུང་ནས་མིང་བཏགས་པ་རེད། འཛམ་བུ་གླིང་དང་བོད་གཉིས་ཀ་ཐུག་འཕྲད་བྱེད་སའི་སྡིངས་ཆ་འདྲ་པོ་ཞིག་ལ་བརྩི་ཡི་ཡོད།

ཚོགས་པའི་དགོས་དམིགས་གཙོ་བོ་དེ་ཕྱོགས་གཅིག་ནས་རང་རེའི་བོད་མི་རིགས་ཀྱི་ཁྱད་འཕགས་སྲོལ་རྒྱུན་རིག་གཞུང་དང་།ཡུལ་སྲོལ་གོམས་གཤིས་སོགས་མི་ཉམས་བརྒྱུད་འཛིན་དང་ཉམས་པ་སླར་གསོ་བྱེད་རྒྱུ་དང་། བོད་མི་ཕྱི་རོལ་དུ་སྡོད་མཁན་རྣམས་ལ་ཤེས་ཡོན་གྱི་གོ་སྐབས་གང་མང་བསྐྲུན་རྒྱུ་བཅས་རེད། འདས་པའི་ལོ་ལྔའི་ནང་ཚོགས་པའི་ངོས་ནས་ང་རང་ཚོའི་སྤྱི་ཚོགས་ལ་ཕན་པའི་སེར་སྐྱ་དབྱེར་མེད་ལ་འཕྲོད་བསྟེན་དང་འབྲེལ་བའི་ཟབ་སྦྱོང་དང་།ལུས་སྦྱོང་སློབ་ཁྲིད། གཏམ་བརྗོད་འཁྲབ་སྟོན་བཅས་བྱེད་བཞིན་པ་ཡིན། ཕྱོགས་གཞན་ཞིག་ནས་ང་ཚོས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྐོར་ཕྱི་རྒྱལ་གྱི་མི་ལ་གོ་རྟོགས་སྤེལ་བཞིན་ཡོད་རེད། ལྷག་པར་དུ་གཟའ་འཁོར་རེར་ཕྱི་རྒྱལ་ཡུལ་མིར་རང་རེའི་སྲོལ་རྒྱུན་རིག་གཞུང་འཁྲབ་སྟོན་(Tibetan Cultural Folk Show) ད་བར་ཐེངས་༡༧༠ བྱས་ཡོད་རེད། དེ་དང་དེས་མཚོན་པའི་ལས་འགུལ་སྣ་མང་སྤེལ་མུས་ཡིན། ནམ་རྒྱུན་དྷ་རམ་ས་ལར་ཡོང་མཁན་ཕྱི་རྒྱལ་བ་མང་ཆེ་བ་བོད་པར་དགའ་པོ་བྱེད་མཁན་རེད། ཁོང་ཚོས་ནམ་རྒྱུན་དུ་ག་རེ་བྱེད་ཀྱི་རེད་ཟེར་ན། མི་མང་ལ་པར་བརྒྱབས། རླུང་རྟ་ལ་པར་བརྒྱབས། གཙུག་ལག་ཁང་ལ་པར་བརྒྱབས་ནས། ངས་བོད་པའི་རིག་གཞུང་མཐོང་སོང་ཟེར་ནས་ལོག་མཁན་མང་པོ་ཡོད་རེད། ངས་དེ་ཏག་ཏག་བསྡད་མ་སོང་བསམ་ནས། ཆེད་མངགས་བོད་འཛམ་གླིང་འདི་བཙུགས་ནས་རིག་གཞུང་འཁྲབ་སྟོན་སོགས་བྱེད་ཀྱིན་བྱེད་ཀྱིན་བོད་པའི་ལམ་ལུགས་སྲོལ་རེ་རེ་བཞིན་འགྲེལ་བཤད་གང་ཐུབ་རྒྱག་གི་ཡོད།

དྲི་བ། ཁྱེད་ཀྱིས་ད་བར་འདས་པའི་ལོ་ལྔའི་རིང་ཕྱི་རྒྱལ་དང་བླངས་བ་༢༠༠༠ ལྷག་ཙམ་བྱུང་སོང་ལབ་པ་རེད། དེ་ཡིན་ན་ཁོང་ཚོས་འདིར་དང་བླངས་ཀྱི་ལས་ཀ་བྱེད་པའི་དགོས་དམིགས་དངོས་གནས་དེ་ག་རེ་ཡིན་པ་འདྲ་པོ་འདུག

ལན། ཁོ་རང་ཚོ་མི་མང་ཆེ་བའི་དམིགས་ཡུལ་ཁ་ཁ་ཡིན་པ་འདྲ་པོ་འདུག མང་ཆེ་བ་འདྲ་པོ་ལ་མཚོན་ན་༧སྐྱབས་མགོན་རིན་པོ་ཆེའི་བཀའ་དྲིན་ལས་བོད་པའི་རིག་གཞུང་ལབ་དུས་འཛམ་བུ་གླིང་གི་རིག་གཞུང་གཞན་དང་ཏོག་ཙམ་མ་འདྲ་བ་ཞིག་ཡིན་པ་གོ་བསྡད་དུས། ཁོ་རང་ཚོས་བོད་པའི་མི་ཟེར་དུས་ག་འདྲ་ཞིག་ཡོད་མེད། བོད་པ་ཚོས་ག་རེ་བྱེད་ཀྱི་ཡོད་མེད་ཤེས་ཡ་དང་། བོད་པ་དང་འབྲེལ་བ་བྱེད་རྒྱུ་ལ་འདོད་པ་ཧ་ཅང་ཆེན་པོ་འདུག ཁོ་རང་ཚོས་དང་བླངས་ལས་ཀ་བྱེད་དགོས་པའི་རྒྱུ་མཚན་ཆེན་པོ་གཅིག་དེ་རེད་དྲན་གྱི་འདུག གཉིས་པ་དེ་དབྱིན་ཇི་དང་ཕྱི་རྒྱལ་མིའི་སློབ་སྦྱོང་དང་དེང་སང་གི་འགྲོ་སྟངས་ཀྱི་ཆ་ནས་ཉམས་མྱོང་དེ་གལ་ཆེན་པོ་བརྩི་ཡི་འདུག དཔེར་ན། དགེ་རྒན་བྱེད་རྒྱུའི་ཉམས་མྱོང་མེད་པ་ཡིན་ན་ཁོ་རང་ཚོའི་ལུང་པར་མར་སློབ་ཐུབ་ཀྱི་ཡོད་མ་རེད། སློབ་སའི་གོ་སྐབས་རག་གི་ཡོད་མ་རེད། སློབ་དགོས་བསམ་ན་ཡང་ཉན་མཁན་ཡོད་མ་རེད། འདིར་དགེ་རྒན་གྱི་ལག་འཁྱེར་མེད་པ་ཡིན་ན་ཡང་། སློབ་རྒྱུའི་གོ་སྐབས་དེ་རག་གི་ཡོད་རེད། ཁོ་རང་ཚོར་གོ་སྐབས་རག་གི་ཡོད་རེད། ཁོ་རང་ཚོས་ཉམས་མྱོང་ཟེར་རྒྱུ་དེ་ཉོ་ཡ་དང་བཙོང་ཡ་ཡོད་མ་རེད། དེ་སོ་སོ་རང་གིས་བསགས་དགོས་རེད་ཟེར་གྱི་རེད། དེ་བསགས་པར་གཞི་ཞིག་ངེས་པར་དུ་དགོས་དུས་ང་ཚོ་ཉམས་མྱོང་བསགས་སའི་གཞི་གལ་ཆེན་པོ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག མདོར་བསྡུས་ན། བོད་ཀྱི་རིག་གཞུང་ལ་དགའ་བ་ཡོད་པ་དང་གཅིག། ཁོ་རང་ཚོར་ཉམས་མྱོང་ཐོབ་ཆེད་དང་གཉིས་རེད། ཡང་ཁ་ཤས་ཤིག་མི་ལ་རོགས་པ་བྱེད་དགོས་རེད། གཞན་ཕན་བྱེད་དགོས་རེད་ཟེར་ནས་ཡོང་མཁན་ཡང་འདུག  ཁ་ཤས་ཚོད་ཚོད་བྱས་ནས་ཡོང་མཁན་ཡང་ཡོད་རེད། དེ་འདྲ་ཞིག་རེད་འདུག

དྲི་བ། སློབ་ཚན་སློབ་དུས་དང་བླངས་དགེ་རྒན་སོ་སོས་སློབ་ཚན་འཆར་འགོད་བྱས་ནས་གང་ཁྲིད་ཁྲིད་རེད་དམ། ཡང་ན་བོད་འཛམ་གླིང་རང་ལ་གཞི་འཛིན་སའི་སློབ་དེབ་དང་། སློབ་ཐབས་སོགས་ཡོད་རེད།

ལན། ཐོག་མའི་ཆར་གང་ཡང་ཡོད་མ་རེད། རེད་དེ་འཛིན་སྐྱོང་གི་ངོས་ནས་ལོ་རེ་ནས་ལོ་རེར་བརྟག་དཔྱད་དང་ཞིབ་འཇུག་རིམ་པ་བྱས་མཐར། དབྱིན་ཇི་དང་། འཇར་མན། ཧྥ་རན་སི། རྒྱ་ཡིག་ཚང་མར་ཟླ་བ་གསུམ་རེའི་མཚམས་སུ་སློབ་རྒྱུའི་སློབ་དེབ་མི་འདྲ་བ་རེ་བཟོས་ཡོད་རེད།  ལོ་གཅིག་ནང་གི་ཟླ་བ་དགུ་ལ་སློབ་ཚན་སློབ་ཀྱི་ཡོད་དུས་ཟླ་བ་གསུམ་རེའི་མཚམས་སུ་སློབ་རྒྱུའི་སློབ་དེབ་རིགས་མི་འདྲ་བ་རེ་རེ་བཟོས་ཡོད་རེད། དེའི་རྒྱུ་མཚན་ག་རེ་ཟེར་ན། སྤྱིར་བཏང་སློབ་དེབ་གཞན་ཞིག་བེད་སྤྱོད་བྱས་ནས་སློབ་ན་ལས་སླ་པོ་རེད་དེ། འདི་ནས་ང་རང་ཚོ་བོད་པའི་མི་ལ་སློབ་ཀྱི་ཡོད་དུས། རིག་གནས་ཀྱི་རྒྱབ་ལྗོངས་ཀྱི་ཐད་ནས་ཐ་ན་སྒྲུང་ནང་གི་མི་ཞིག་གི་མིང་ཚུན་ཆད་ནས་བོད་སྐད་དུ་ཡོད་པ་ཞིག་ཡིན་ན་ཕན་ཐོགས་དེས་ཆེ་བ་འདུག དྷ་ས་ནས་ཤེས་ཡོན་སྦྱོང་ས་ཚང་མའི་ནང་ནས་ང་ཚོ་ཡག་ཤོས་ཡིན་ཟེར་གྱི་ཡོད། གང་ཡིན་ཟེར་ན། ང་ཚོས་སློབ་མ་ཚོས་སྦྱོང་གི་ཡོད་རེད་ཟེར་ནས་དེ་ག་ཙམ་དུས་ཚོད་བཏང་ན་འགྲིག་གི་མི་འདུག ང་ཚོས་ཡར་རྒྱས་བཏང་ནས་སློབ་སྦྱོང་སྤུས་དག་པོ་སྤྲད་དགོས་ཀྱི་འདུག་ཟེར་ནས། ཡར་རྒྱས་བཏང་སྟེ་གཏན་འཇགས་དགེ་རྒན་བཞག་ཡོད་རེད། རྒྱ་ཡིག་དང་དབྱིན་ཡིག་དགེ་རྒན་གཉིས་ལོ་གཉིས་འགྲོ་ཡི་ཡོད་རེད། འདིར་སྦྱོང་ས་གཞན་ཡོད་རེད་དེ་གཏན་འཇགས་དགེ་རྒན་ཡོད་མ་རེད། དང་བླངས་ཡག་པོ་ཞིག་སླེབས་ན་སླེབས་རེད། མ་སླེབས་ན་ཡོད་མ་རེད། དེར་བརྟེན་དེ་འདྲ་རང་གིས་འགྲིག་གི་མི་འདུག་བསམ་ནས་ང་ཚོས་གཏན་འཇགས་དགེ་རྒན་བཙལ་ཡོད་རེད། དེ་བཞིན་འཇར་མན་དང་ཧྤ་རན་སིའི་སྐད་ཡིག་གི་དགེ་རྒན་ཟླ་བ་དགུ་རིང་ལ་ངེས་པར་དུ་བསྡད་དགོས་པ་བཟོས་ཡོད་རེད། དེ་བཞིན་ཟླ་བ་གསུམ་རེའི་མཚམས་ལ་སློབ་མ་ལ་ཡིག་རྒྱུགས་ལེན་ནས་སོ་སོའི་གནས་ཚད་དང་མཐུན་པའི་འཛིན་གྲྭར་གཏོང་གི་ཡོད་རེད། མ་གཞི་དང་པོ་སློབ་སྦྱོང་བྱེད་དུ་ཡོང་དུས་ནས་གནས་ཚད་གང་འདྲ་ཞིག་འདུག་བལྟ་ཆེད་དུ་གཟབ་ནན་བྱེད་ཀྱི་ཡོད་མ་གཏོགས། ཁྱེད་ཚོས་ང་ཚོར་དངུལ་སྤྲད་ཀྱི་ཡོད་མ་རེད། ང་ཚོས་གང་བྱེད་བྱེད་རེད་ཟེར་བ་ལྟ་བུ་རྩ་བ་ནས་བྱེད་ཀྱི་ཡོད་མ་རེད། མཐུན་རྐྱེན་གྱི་ཆ་ནས་ཀྱང་ཚོགས་པ་སུ་གཅིག་གིས་འདི་འདྲ་སྦྱར་གྱི་ཡོད་མ་རེད་བསམ་གྱི་འདུག

དྲི་བ། ཐོག་མར་བོད་འཛམ་གླིང་ཚོགས་པ་འཛུགས་དུས་དཀའ་ངལ་ག་རེ་འཕྲད་ཡོད་མེད་དང་། ད་བར་འདས་པའི་ལོ་ལྔའི་ནང་དཀའ་ངལ་ཆེ་ཤོས་ག་རེ་བྱུང་སོང་།

ལན། དཀའ་ངལ་ཧང་སང་ཡ་མང་པོ་རེད། ཚོགས་པ་འཛུགས་དུས་ལས་སླ་མོ་མ་རེད། ཚོགས་པ་ཞིག་འཛུགས་པ་དང་སོ་སོའི་མགྲོན་ཁང་རྒྱག་པ་གཉིས་རྦད་དེ་ཁ་ཁ་རེད་དྲན་གྱི་འདུག སོ་སོར་མགྲོན་ཁང་ཞིག་རྒྱག་ན་སོ་སོར་ཁ་ཐུག་ཁེ་ཕན་ཆེན་པོ་ཡོད་དུས་། དཀའ་ལས་ག་ཚོད་ཡོད་ན་ཡང་ཚོར་གྱི་མ་རེད། ནུས་པ་མང་བ་ཐོན་གྱི་ཡོད་རེད། ང་རང་ལ་མཚོན་ན་ད་ལྟ་བར་དུ་དཀའ་ལས་ཁག་ཤོས་ག་རེ་རེད་ཟེར་ན། མཚམས་མཚམས་སུ་ཐོག་མའི་དམིགས་ཡུལ་བརླགས་གྲབས་བྱེད་ཀྱི་འདུག དེ་དཀའ་ངལ་ཆེ་ཤོས་རེད་འདུག སྤྱི་ཚོགས་ལ་ཞབས་ཞུ་བྱེད་དུས་སྙིང་རྗེ་ཆེན་པོ་ཞིག་དགོས་ཀྱི་འདུག དེ་མེད་ན་ཕལ་ཆེར་རེ་བ་བརླགས་ཏེ་དཀྱིལ་མ་དེ་ནས་འཁྲུག་འགྲོ་ཡི་འདུག དེ་ཡིན་དུས་ང་རང་གི་ཉེན་ཁ་ཚ་ཤོས་ག་རེ་མཐོང་གི་འདུག་ཟེར་ན། མཚམས་མཚམས་སུ་སྙིང་རྗེ་བརླག་གྲབས་བྱེད་པ་དེ་རེད། དེ་དཀའ་ལས་ཁག་ཤོས་མཐོང་གི་འདུག

དེ་བཞིན་དཀའ་ངལ་གཞན་གཅིག་དེ་ཁྲིམས་མཐུན་མ་ཆགས་ནས་དཀའ་ངལ་མང་པོ་འཕྲད་སོང་། ལོ་གཅིག་ཙམ་ལ་དེབ་སྐྱེལ་བྱེད་རྒྱུ་གཅིག་པུའི་ཆེད་དུ་དུས་ཚོད་མང་པོ་ཟད་སོང་། ངས་ག་དུས་ཡིན་ན་ཡང་ཁྲིམས་དང་མཐུན་པ་གལ་ཆེན་པོ་བརྩི་ཡི་ཡོད། སོ་སོ་ཁྲིམས་དང་མཐུན་པ་འགྲོ་དགོས་བསམ་ན་ཡང་སྤྱི་ཚོགས་དང་ཆ་ཚང་ལ་བསྟུན་ན་མ་གཏོགས་སོ་སོར་གཅིག་པུར་ཤར་སེ་ཐོན་རྒྱུ་མེད་དུས་ཁྲིམས་དང་མཐུན་པ་འགྲོ་རྒྱུ་དེ་དཀའ་ལས་གཅིག་རེད། ཡིན་ན་ཡང་། ཕྱི་ལོ་༢༠༡༥ ལོའི་ཕྱི་ཟླ་༥ པའི་ཚེས་༡༥ ཉིན་བོད་འཛམ་གླིང་༼Tibet World༽རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཐུབ་སོང་།

གཞན་དཔལ་འབྱོར་བསྡུ་རུབ་བྱེད་རྒྱུ་དེ་དཀའ་ངལ་ཆེ་ཤོས་གཅིག་རེད། ང་རང་འདྲ་པོ་ཡིན་ན་ངོ་ཤེས་པ་དེ་འདྲ་མང་པོ་གང་མེད། ངོ་ཤེས་པ་དང་ཐུག་ཚར་རྗེས་རིམ་བཞིན་ཡིད་ཆེས་འདྲ་པོ་བྱས་ནས་སླེབས་པ་རེད་མ་གཏོགས། དང་པོ་ནས་དེ་འདྲ་གང་མེད། ཡིན་ན་ཡང་དཔལ་འབྱོར་གྱི་དཀའ་ངལ་འདུག་ཟེར་ནས་བསྡད་ཀྱི་མེད། སོ་སོས་ལྷག་བསམ་རྣམ་དག་བྱས་ན་རྒྱབ་སྐྱོར་ཡོང་རྒྱུའི་ཡིད་ཆེས་བྱེད་ཀྱི་ཡོད།

དཀའ་ངལ་གཞན་གཅིག་དེ་ང་ཚོ་བོད་པའི་སྤྱི་ཚོགས་ནང་བཟང་ཕྱོགས་ལ་དེ་ཙམ་བལྟ་ཡི་མི་འདུག ག་དུས་ཡིན་ན་ཡང་མ་འགྲིག་ས་དེར་གཅིག་བལྟ་བསྡད་ཀྱི་འདུག དེ་ང་ཚོ་བོད་མི་རིགས་ནང་ལ་ཞན་ཆ་འདྲ་པོ་ཞིག་ཏུ་མཐོང་བྱུང་། ལས་ཀ་ག་ཚོད་ཅིག་བྱས་ན་ཡང་དེ་ཡག་པོ་རེད་ཟེར་མཁན་ཕལ་ཆེར་ཁག་པོ་རེད། ག་དུས་ཡིན་ན་ཡང་ཆུང་ཆུང་ཞིག་མ་འགྲིག་ན་དང་པོ་ཁོ་རང་ལ་གནས་ཚུལ་དེ་ཁུར་ནས་རྦད་དེ་ཆེན་པོ་བཟོས་ནས་གཞན་ལེགས་ཆ་གཏན་ནས་མཐོང་གི་མི་འདུག དེ་ག་དུས་མཐོང་གི་འདུག་ཟེར་ན་མི་ཤི་ཚར་དུས་གཞི་ནས་མཐོང་གི་ཡོད་རེད། དེ་དུས་མི་དེ་རྩ་ཆེན་པོ་ཡིན་པ་དང་། གལ་ཆེན་པོ་ཡིན་པ་སོགས་དེའི་བྱས་རྗེས་རྣམས་བགྲང་གི་འདུག དྲང་པོ་བཤད་ན་ང་དེར་རྩ་བ་ནས་སྣང་བ་འགྲོ་ཡི་མི་འདུག མི་དེ་བསྡད་དུས་སེམས་ཤུགས་སྤར། རྒྱབ་སྐྱོར་བྱས་པ་ཡིན་ན་ང་ཚོ་བོད་མི་རིགས་ཡར་བསྐྱལ་ཐུབ་ན་ཚང་མ་ཡར་སྐྱེལ་བ་དང་གཅིག་པ་རེད་བསམ་གྱི་འདུག ངའི་བསམ་པར་བོད་གཞུང་གི་སར་ལས་ཀ་བྱས་པ་ཡིན་ན་འདྲ། ཚོགས་པ་གང་ལ་ལས་ཀ་བྱས་ན་ང་ཚོ་ཚང་མའི་དམིགས་ཡུལ་གཅིག་པ་རེད་བསམ་གྱི་ཡོད། གང་ལྟར་ང་ཚོ་གང་དུ་རྒྱུག་ཀྱང་འབབ་ས་གཅིག་རེད། ང་ཚོ་སྐྱབས་བཅོལ་བོད་པའི་སྤྱི་ཚོགས་འདི་ཆུང་ཆུང་ཡིན་དུས་ནང་ལོགས་གཅིག་གིས་གཅིག་ལ་རྒྱབ་སྐྱོར་མེད་པར་དམིགས་རྒྱང་ཐུང་ཐུང་ཞིག་གི་ཐོག་ནས་སོ་སོའི་ཉེ་འཁོར་གཅིག་པུའི་ཁེ་ཕན་ཁོ་ན་ལ་བལྟ་དུས། མཐའ་མ་དེར་ཚོགས་པ་ཡིན་ན་རེད། གཞུང་ཡིན་ན་རེད། ཚང་མའི་དམིགས་ཡུལ་བརླགས་ནས་སོ་སོའི་ཁེ་ཕན་ལ་ཐུག་དུས་ནང་ཁུལ་ཕན་ཚུན་ལ་རྒྱབ་སྐྱོར་དང་། མཉམ་འབྲེལ་བྱེེད་རྒྱུ་དེ་དཀའ་ལས་ཁག་ཤོས་ཤིག་རེད་འདུག་བསམ་གྱི་འདུག

དེ་བཞིན་གཞན་དཀའ་ངལ་གཅིག་ག་རེ་འདུག་ཟེར་ན། མ་འོངས་པར་ཡར་རྒྱས་ག་འདྲ་གཏོང་གི་ཡོད་མེད་ཤེས་ཀྱི་མེད་མ་གཏོགས། ད་ལྟ་བར་དུ་ལས་བྱེད་མཉམ་དུ་ལས་ཀ་བྱེད་དུས། ང་ཚོའི་གཞོན་སྐྱེས་དེ་ཚོར་ལས་ཀ་ཞིག་བྱེད་དགོས་བསམ་པའི་སེམས་ཤུགས་དེ་ཙམ་མི་འདུག མཐོ་སློབ་དང་གཙུག་ལག་རམ་འབྱམས་པ་ཐོན་ཚར་མཁན་ཞིག་ཡིན་ན་ཡང་། དེའི་ནུས་པ་དེ་ཏག་ཏག་སླེབས་མེད་པ་འདྲ་པོའི་སེམས་ཚོར་ཐེངས་མང་པོ་བྱུང་། ང་རང་གིས་བོད་པ་ཟེར་དུས་འཛམ་གླིང་གི་མི་གཞན་དང་མི་འདྲ་བ་ཞིག་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་ཀྱང་། སྤྱི་ཡོངས་ཀྱི་ཆ་ནས་དེ་འདྲ་རང་ཡོང་གི་མི་འདུག དེ་ཡིན་དུས་ལས་ཀ་ག་རེ་བསྒྲུབས་ན་ཡང་དེ་དཀའ་ངལ་ཞིག་རེད་འདུག་བསམ་གྱི་འདུག

དེ་བཞིན་ང་ཚོར་ཁང་པ་མེད་དུས་འབྲོག་པ་ནང་བཞིན་ས་གནས་གང་སར་གནས་སྤོ་བྱེད་ཀྱི་ཡོད། ཚོགས་པ་ཞིག་ཡིན་པའི་ཆ་ནས་ཁང་པ་མེད་ན་དེ་དཀའ་ངལ་ཆེན་པོ་རེད་འདུག ད་ལྟ་བར་དུ་ཐེངས་གསུམ་གནས་སྤོ་བྱས་ཚར་རེད། ཡང་རྗེས་མར་གང་དུ་སྤོ་དགོས་ན་དེར་འགྲོ་དགོས་རེད།

དྲི་བ། སྙིང་རྗེ་བརླགས་གྲབས་བྱེད་དུས་ཐབས་ལམ་ག་རེ་བསྟེན་གྱི་ཡོད།

ལན། དེའི་དུས་སྐབས་སུ་༧གོང་ས་མཆོག་གི་བཀའ་སློབ་ཡང་སེ་ཉན་ཡ་དང་། ང་རང་གི་ཇོ་ཇོ་སྐུ་ཞབས་དང་མཉམ་དུ་གྲོས་བསྡུར་བྱེད་པ་སོགས་བྱེད་ཀྱི་ཡོད།  ཚོགས་པ་ཞིག་འཛུགས་དུས་སྙིང་རྗེེ་ཆེན་པོ་ཞིག་དགོས་ཀྱི་འདུག་མ་གཏོགས། གཞན་ཚོགས་པ་འཛུགས་རྒྱུའི་ནུས་པ་བརླགས་ཡ་རེད་འདུག སྙིང་རྗེ་བརླགས་སོང་ན་ཚོགས་པ་དེ་རང་དོན་ཆགས་འགྲོ་ཡི་འདུག ཚོགས་པ་ཞིག་འཛུགས་དུས་གཞན་དོན་དགོས་རེད། གཞན་དོན་མེད་པར་རང་དོན་ཆགས་འོང་ན་དམིགས་ཡུལ་དང་ཆ་ཚང་འགྱུར་བ་འགྲོ་ཡི་ཡོད་དུས་དེ་འགྱུར་བ་མ་འགྲོ་བར་༧གོང་ས་མཆོག་ལྟ་བུའི་སྐྱེས་བུ་དམ་པ་རྣམས་ཀྱི་བསླབ་བྱ་དང་ལམ་སྟོན་ལ་ཉན་གྱི་ཡོད། མཚམས་མཚམས་སུ་སྒོམ་རྒྱག་དུས་ཕན་ཐོགས་ཆེན་པོ་འདུག

དྲི་བ། གོང་དུ་ཁྱེད་ཀྱིས་དཔལ་འབྱོར་བསྡུ་རུབ་དེ་དཀའ་ངལ་གཅིག་ཡིན་གསུངས་སོང་། དེས་ན་ལས་བྱེད་ལ་གླ་ཕོགས་སོགས་ཀྱི་ཡོངས་ཁུངས་ག་འདྲ་རེད། བོད་པའི་ངོས་ནས་དཔལ་འབྱོར་གྱི་ཐོག་ནས་རོགས་སྐྱོར་བྱེད་མཁན་འདྲ་འདུག་གམ།

ལན། དཔལ་འབྱོར་ཡོང་ས་གཙོ་བོ་དེ་ང་རང་ཚོའི་མགྲོན་ཁང་འདྲ་པོ་ཁང་མིག་བཅུ་ཙམ་ཡོད་རེད། དེ་གལ་ཆེ་ཤོས་ཤིག་རེད། གཞན་ང་ཚོས་ཟབ་སྦྱོང་སྤྲད་དུས་རིན་མེད་སྤྲད་ཀྱི་མེད། རིན་མེད་སྤྲད་ན་རིན་ཐང་རྟོགས་ཐུབ་ཀྱི་མི་འདུག དེ་བཞིན་དམངས་ཁྲོད་སྒྱུ་རྩལ་འཁྲབ་སྟོན་(folk show)བྱེད་དུས་དངུལ་ལེན་གྱི་ཡོད། དབྱིན་ཇི་དེ་ཚོར་བོད་པའི་པི་ཝང་དང་། སྒྲ་སྙན། འཁྲབ་སྟོན་སོགས་ཕྱི་རྒྱལ་མི་སུ་ལ་སྟོན་ན་དེ་ནས་དངུལ་ལེན་གྱི་ཡོད། དེ་ཡང་དཔལ་འབྱོར་གྱི་ཡོངས་ཁུངས་གཅིག་རེད། དེ་བཞིན་ཡོ་ག་འཛིན་གྲྭ་ཞིག་ཡོད་རེད། དེ་ཡང་དཔལ་འབྱོར་ཡོང་ས་གཅིག་རེད། གཞན་སློབ་ཕྲུག་རེ་རེའི་ས་ནས་ལོ་རེའི་སློབ་ཡོན་སྒོར་༥༠༠ ལས་ལེན་གྱི་མེད་ཀྱང་། སློབ་ཕྲུག་ལྔ་བརྒྱ་ཡོད་དུས་དེ་ཡང་ཡོང་ཁུངས་གཅིག་རེད། གང་ལྟར་བརྒྱ་ཆ་༧༠ ཙམ་ཞིག་ང་རང་ཚོ་རང་གིས་བཟོ་ཡི་ཡོད་རེད། བརྒྱ་ཆ་༣༠ ཙམ་ཞིག་མང་ཆེ་བ་ཕྱི་རྒྱལ་མིའི་ཞལ་འདེབས་རེད། ང་ཚོ་བོད་པ་རྐང་གསུམ་བཞི་ཙམ་གྱིས་ཞལ་འདེབས་ཉུང་ཤས་ཤིག་གནང་གི་ཡོད་རེད། ན་ནིང་ལོ་གཅིག་རིང་གི་ང་ཚོའི་དགེ་རྒན་གཉིས་ཀྱི་གླ་ཆ་སྐུ་སྒེར་ཡིག་ཚང་གིས་གནང་བ་རེད། རིག་གཞུང་འཁྲབ་སྟོན་གྱི་འཕྲུལ་ཆས་ཀྱི་སྦྱིན་བདག་བོད་གཞུང་ཆོས་རིག་ལས་ཁུངས་ཀྱིས་གནང་བ་རེད

དྲི་བ། བོད་འཛམ་གླིང་འདི་བཙུགས་ནས་ད་བར་དུ་ཐོག་མའི་དམིགས་ཡུལ་གཞིར་བཟུང་གྲུབ་འབྲས་འདོད་པ་ཁེངས་པ་ཞིག་བྱུང་སོང་ངམ།

ལན། ང་རང་གི་བསམ་པར་དཔེ་མི་སྲིད་པའི་ཡག་པོ་བྱུང་སོང་བསམ་གྱི་འདུག སྤྱིར་བཏང་ཚོགས་པ་འཛུགས་དུས་མི་བཞི་ལྔ་ཙམ་ཐོག་མར་ཚུར་རུག་རུག་བྱས། ཚོགས་མི་ཚོས་དཔལ་འབྱོར་བསྡུ་རུབ་བྱས། རྗེས་ནས་ཚོགས་པ་མང་ཆེ་བའི་ཚོགས་མི་བརྗེ་པོ་སློག་པ་སོགས་བྱས་ནས་བཙུགས་ཀྱི་ཡོད་རེད། དེ་ཡིན་དུས་མི་གཅིག་གི་དཀའ་ལས་བརྒྱབས་པ་འདྲ་པོ་ཞིག་གང་མ་རེད། ཡིན་ན་ཡང་། བོད་འཛམ་གླིང་འདྲ་པོ་ཞིག་ལ་ཆ་མཚོན་ན། ད་བར་ལོ་ལྔ་རིང་ལ་གཙོ་བོ་འདྲ་པོ་དེ་ང་རང་རང་གིས་དཀའ་ལས་བརྒྱབས་པ་ཞིག་རེད། དེའི་རྒྱབ་ལ་རྒྱབ་སྐྱོར་བྱེད་མཁན་གྲངས་མེད་ཡོད་རེད། གཙོ་བོ་འདྲ་པོ་གཅིག་དེ་ང་རང་རང་གིས་བྱས་ཡོད་དུས་ང་རང་གི་བསམ་པར་དཔེ་མི་སྲིད་པའི་ཡག་པོ་བྱུང་སོང་བསམ་གྱི་འདུག

དྲི་བ། ད་ལོ་ལ་དམིགས་བསལ་གྱི་ལས་གཞི་གསར་པ་འདྲ་སྤེལ་ཡོད་དམ།

ལན། ད་ལོར་དམིགས་བསལ་གྱི་ལས་གཞི་གསར་པ་ཡོད་རེད། དེ་གང་རེད་ཟེར་ན་༧སྐྱབས་མགོན་རིན་པོ་ཆེས་གསུང་པ་དེ་ལག་ལེན་བསྟར་ཐུབ་པ་ཡོང་ཐབས་ཀྱི་ལས་གཞི་ཞིག་རེད། དེ་གལ་ཆེན་པོ་མཐོང་གི་ཡོད། སྐྱབས་མགོན་རིན་པོ་ཆེས་གསུང་པ་རྣམས་ཡག་པོ་ཉན་ཏེ། རྩ་ཆེན་པོ་རེད་ཟེར་ནས་རྟག་པར་དབང་ཞུ་བསྡད་པ་མིན་པར། དེའི་ནང་ནས་ག་རེ་ཚུར་སྒྲུག་དགོས་ཀྱི་འདུག ༧སྐྱབས་མགོན་རིན་པོ་ཆེས་ག་རེ་གསུང་གི་ཡོད་རེད་ཟེར་ན། འཛམ་བུ་གླིང་ལ་ཡ་རབས་བཟང་སྤྱོད་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་དང་། ད་ལྟ་འདྲ་པོ་ཡིན་ན་ཕྱི་དཔལ་ཡོན་གྱི་ཐོག་ལ་ཡར་རྒྱས་སོང་སྟེ། ནང་སེམས་ཁམས་རིག་པའི་ཐོག་ལ་འཛམ་བུ་གླིང་ལ་དཀའ་ངལ་ཆེ་ཤོས་ཤིག་འཕྲད་ཀྱི་ཡོད་རེད་གསུང་གི་ཡོད་རེད། འཛམ་བུ་གླིང་ལ་དེ་ག་རང་ཆགས་ཡོད་རེད། ད་ལྟ་འཛམ་གླིང་ནང་ཟས་གོས་ཀྱི་དཀའ་ངལ་ས་ཆ་ཁ་ཤས་ལ་མ་གཏོགས་སྤྱིའི་ཆ་ནས་མེད་པ་འདྲ་པོ་ཆགས་ཡོད་རེད། ད་ལྟ་སེམས་ནང་ལ་དཀའ་ངལ་ཆེ་ཤོས་ཆགས་བསྡད་དུས། ད་ལོ་ང་ཚོས་ལས་གཞི་གསར་པ་དེ་འགོ་བཙུགས་ནས་བཟུང་ཟབ་སྦྱོང་ཐེངས་༡༤ ལ་སྤྲད་ཡོད་རེད། ཟབ་སྦྱོང་དེ་ག་རེ་རེད་ཟེར་ན། སྙིང་རྗེ་དང་ཤེས་རབ་ལས་བདེ་སྐྱིད་འབྱུང་(Compassion + Wisdom= Happiness) ཞེས་པ་དེ་རེད། ལས་གཞི་འདི་སྤེལ་དགོས་དོན་དེ་འཛམ་གླིང་ཞི་བདེ་དང་། བདེ་སྐྱིད་ལྡན་པ་ཡོང་བའི་ཆེད་དུ་ཡིན། ལས་གཞི་དེ་དཔེ་མི་སྲིད་པའི་ཡག་པོ་བྱུང་སོང་། མ་འོངས་པའི་བོད་འཛམ་གླིང་གི་ལས་གཞི་གལ་ཆེ་ཤོས་གཅིག་ལ་བརྩི་ཡི་ཡོད།  ལས་གཞི་རྒྱ་བསྐྱེད་གཏོང་རྒྱུ་དང་། དེ་ནང་བཞིན་སྐྱབས་མགོན་རིན་པོ་ཆེས་གསུང་པ་ཚང་མ་ལག་བསྟར་ཡོང་ཐབས་ཐོག་ལ་འབད་བརྩོན་བྱེད་ཀྱི་ཡོད། ད་ལོའི་ལས་གཞི་ནང་འཛམ་བུ་གླིང་གི་རྒྱལ་ཁབ་འདྲ་མིན་ནས་མི་༡༠༠ ལྷག་ལ་དེའི་ཐོག་ཟབ་སྦྱོང་སྤྲད་ཐུབ་སོང་། ༧སྐྱབས་མགོན་རིན་པོ་ཆེའི་བཀའ་ཞུས་ན་རེད། སྤྱི་ཚོགས་ལ་ཕན་ཐོགས་ཟེར་ན་རེད། གཉིས་ཀ་གང་ལ་གང་འཚམས་བྱུང་སོང་བསམ་གྱི་འདུག དེ་ང་ཚོའི་ད་ལོའི་ལས་གཞི་དམིགས་བསལ་བ་ཞིག་རེད།

དྲི་བ། མང་པོ་ཞིག་གིས་དྷ་སར་བོད་པ་ཉུང་དུ་འགྲོ་ཡི་འདུག་ལབ་ཀྱི་ཡོད་དུས། ཁྱེད་ཀྱིས་ཚོགས་པ་ཐོག་མར་འགོ་བཙུགས་ནས་ད་བར་དུ་བོད་པ་སློབ་སྦྱོང་བྱེད་མཁན་ཉུང་དུ་སོང་ཡོད་མེད་དང་། དང་བླངས་དགེ་རྒན་ཡང་སྔར་རྒྱུན་བཞིན་ཡོང་གི་འདུག་གམ། དེའི་ཐད་ནས་གནས་སྟངས་ག་འདྲ་རེད།

ལན། དང་བླངས་དགེ་རྒན་ལོ་རེ་བཞིན་བརྒྱ་ཆ་བཅུ་ཙམ་མང་དུ་འགྲོ་ཡི་འདུག སློབ་ཕྲུག་༢༠༡༤ དང་༢༠༡༥ ལ་གྲངས་ཀ་ཧ་ཅང་འཕར་ཡོད་རེད། དེ་དང་བསྡུར་ན་ད་ལྟ་མར་ཏོག་ཙམ་ཟག་ཡོད་རེད། མང་ཆེ་བ་ལོ་རེར་མི་༥༠༠ ཙམ་ཡོད་རེད། མར་དེ་ཙམ་ཟག་མི་འདུག ང་ཚོ་རང་ལ་སློབ་ཕྲུག་ཉུང་དུ་འགྲོ་མི་འདུག་སྟེ་ཚོགས་པ་གཞན་ལ་སྦྱོང་མཁན་ཉུང་དུ་འགྲོ་འདུག་ཟེར། ང་རང་ཚོ་རང་ལ་མཚོན་ན་ཕལ་ཆེར་སྔོན་མ་འདྲ་པོ་རེད་འདུག

དྲི་བ། མ་འོངས་པར་ལས་འཆར་དམིགས་བསལ་འདྲ་ཡོད་དམ།

ལན། མ་འོངས་པའི་ལས་འཆར་དེ། ང་རང་གི་བསམ་པར་མ་འོངས་པར་འཛམ་བུ་གླིང་ལ་བྱམས་བརྩེ་དང་། ཡ་རབས་བཟང་སྤྱོད་སྤེལ་དགོས་ན། དེ་སྤེལ་སའི་གཞི་འདྲ་པོ་གལ་ཆེ་ཤོས་ཤིག་དྷ་རམ་ས་ལ་ཆགས་ཡོད་རེད་དྲན་གྱི་འདུག དེའི་རྒྱུ་མཚན་གང་རེད་ཟེར་ན། སྐྱབས་མགོན་རིན་པོ་ཆེའི་མཚན་སྙན་དང་། གཟི་བརྗིད། ཁོང་མི་ལོ་༥༠ ལྷག་འདིར་བཞུགས་ཚར་དུས་ས་ཆ་འདི་ཧ་ཅང་གིས་རྩ་ཆེན་པོ་དང་གལ་ཆེན་པོ་རེད་བསམ་གྱི་འདུག དེ་ཡིན་དུས་ས་ཆ་འདིར་ཤེས་ཡོན་དང་རིག་གཞུང་གི་བསྟི་གནས་བྱམས་བརྩེ་དང་ཡ་རབས་བཟང་སྤྱོད་སྤེལ་སའི་བསྟི་གནས་ཤིག་དགོས་ཀྱི་འདུག་དྲན་གྱི་འདུག ད་ལྟ་འདི་འདྲ་བྱས་ཕར་བལྟས་ན་དགེ་འདུན་པ་རྣམས་ལ་དགོན་པ་ཡོད་རེད། མི་སྐྱ་རྣམས་ལ་དེ་ཙམ་གང་ཡོད་མ་རེད། དཔེ་མཛོད་གཅིག་ལ་འགྲོ་དགོས་བསམ་ན་ཡང་རག་གི་མི་འདུག དེར་བརྟེན་དྷ་རམ་ས་ལ་ངེས་པར་དུ་ཤེས་ཡོན་དང་རིག་གཞུང་གི་བསྟི་གནས་འཛམ་གླིང་གི་གནས་ཚད་ཡོད་པ་ཞིག་འཛུགས་ཐུབ་རྒྱུའི་འཆར་གཞི་བཏིང་གི་ཡོད། མིའི་བསམ་པར་ང་ཚོ་བོད་ལ་ཕར་ལོག་དགོས་རེད། དེ་འདྲ་བཙུགས་ནས་གང་བྱེད་བསམ་ན། ངའི་བསམ་པར་དེ་དཔེ་གལ་ཆེན་པོ་རེད། རྒྱ་གར་ལ་ང་ཚོས་ཐུགས་རྗེ་ཆེ་ཟེར་ནས་ཚིག་རྐམ་པོ་གཅིག་ལབ་བསྡད་ན་ཕན་ཐོགས་ཀྱི་མི་འདུག དེ་ལས་ཤེས་ཡོན་དང་རིག་གཞུང་གི་བསྟི་གནས་དེ་འདྲ་ཞིག་བཙུགས་ཐུབ་ན་རྒྱ་གར་ཡུལ་མི་ཚང་མར་ལ་ཡང་ཕན་ཐོགས་ཀྱི་ཡོད་རེད། དེ་འདྲ་ཞིག་འཛུགས་ཐུབ་ན་འདི་ལ་ཡོང་མཁན་མི་ཞིག་ཡིན་ན་ཡང་ཤེས་རིག་དང་། ཡ་རབས་བཟང་སྤྱོད་ཡོད་པ་ཞིག་ཡོང་གི་རེད། དེ་མིན་འདིར་མཚན་ཚོགས་ཁང་དང་། མགྲོན་ཁང་རྫིག་པོ་བརྒྱབས་ན་མི་ག་འདྲ་ཞིག་སླེབས་ཀྱི་རེད། དེས་ཁོར་ཡུག་འདི་དང་རྒྱ་གར་ཡུལ་མིར་གནོད་སྐྱོན་ག་འདྲ་འགྲོ་ཡི་རེད། ངའི་བསམ་པར་འཕྲལ་ཕུགས་གཉིས་ཀར་དེ་གལ་ཆེན་པོ་རེད། དྷ་ས་མེག་གྷན་རང་ལ་དེ་འདྲའི་ཤེས་ཡོན་གྱི་བསྟི་གནས་གལ་ཆེན་པོ་ཞིག་ཡོད་རྒྱུ་དེ་གལ་ཆེན་པོ་རེད། ས་ཆ་ཆུང་ཆུང་འདི་རྒྱལ་སྤྱིའི་ས་ཆ་ཞིག་ཡིན་དུས་འདིར་ང་ཚོ་བོད་པར་མཚོན་ན་ལས་འགུལ་ག་འདྲ་ཞིག་སྤེལ་ན་ཡང་གཞི་འཛིན་ས་གཅིག་འདི་དགོས་ཀྱི་རེད་དྲན་གྱི་འདུག

དྲི་བ། ཤེས་ཡོན་དང་རིག་གཞུང་གི་བསྟི་གནས་བསྐྲུན་ཟེར་དུས་སློབ་གྲྭ་འཛུགས་རྒྱུ་རེད་དམ་གང་འདྲ་ཞིག་གསུང་གི་ཡོད།

ལན། དེ་དབྱིན་སྐད་ཐོག་ཞུས་ན་(community centre)ཟེར་གྱི་རེད། དེའི་ནང་ཚང་མ་ཚུད་བསྡད་པ་ཞིག་རེད། དཔེར་ན། ས་གནས་བོད་མི་དང་འབྲེལ་བའི་ཤེས་ཡོན་ཚང་མ་ཡོད་པ་ཞིག་ལ་ཟེར་གྱི་ཡོད། ཕྱི་ལོགས་ཀྱི་མི་ལ་དགོས་པའི་བོད་ཀྱི་རིག་གནས་དང་འབྲེལ་བའི་བྱམས་བརྩེ་དང་ཡ་རབས་བཟང་སྤྱོད་ཀྱི་ཤེས་ཡོན་ཡོད་པ་དང་། འདིར་སྡོད་མཁན་རྣམས་ལ་དེང་དུས་ཀྱི་ཤེས་ཡོན་སློབ་ས་ཡོད་པ་གཉིས་ཀ་བཟོ་རྒྱུ་ཞིག་རེད། དེ་འདྲ་ཞིག་བཙུགས་ནས་༧སྐྱབས་མགོན་རིན་པོ་ཆེས་གང་གསུང་པ་རྣམས་ང་ཚོས་ལག་བསྟར་བྱེད་ཐུབ་རྒྱུའི་འབད་བརྩོན་བྱེད་རྒྱུ་རེད། འཛམ་བུ་གླིང་ལ་ཡ་རབས་བཟང་སྤྱོད་དང་བྱམས་བརྩེའི་སྐད་ཆ་བཤད་ཡོང་དུས་༧སྐྱབས་མགོན་རིན་པོ་ཆེེ་ཁུངས་གཏུགས་ས་གཙོ་བོ་ཆགས་ཀྱི་ཡོད་རེད། མི་སྐྱ་རྣམས་ལ་དེ་སྦྱོང་སའི་གཞི་ཞིག་ངེས་པར་དུ་དགོས་ཀྱི་འདུག་དྲན་གྱི་འདུག

དྲི་བ། བརྒྱུད་ལམ་འདི་བརྒྱུད་བཤད་འདོད་པའི་སྐད་ཆ་གཞན་ཡོད་དམ།

ལན། བོད་དོན་དང་འཛམ་གླིང་ཞི་བདེ་གཉིས་དང་འབྲེལ་བའི་ལས་འགུལ་ག་འདྲ་ཞིག་ཡིན་ན་དེར་བོད་མི་ཡོངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་རྒྱུའི་རེ་བ་ཡོད་ལ་འབོད་སྐུལ་ཡང་ཡོད། མཐའ་མ་དེར་ད་བར་དུ་དངོས་ཤུགས་བརྒྱུད་གསུམ་ནས་རོགས་རམ་དང་རྒྱབ་སྐྱོར་གནང་མཁན་ཚང་མར་གོ་སྐབས་འདི་བརྒྱུད་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། མ་འོངས་པར་མུ་མཐུད་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ་ཀྱིས་བཅར་འདྲི་བྱས།

Share this:
༡༠༩༤ ཀློག་གྲངས།