རྒྱ་ནག་ནང་གཞོན་སྐྱེས་ལས་འགུལ་བ་མང་པོ་ཞིག་གར་སོང་ཆ་མེད་ཆགས་བཞིན་འདུག

རྒྱ་ནག་གི་སྐད་གྲགས་ཆེ་བའི་གཙུག་ལག་སློབ་གཉེར་ཁང་ནས་སློབ་ཐོན་བྱས་པ་དང་། སློབ་སྦྱོང་བྱེད་མུས་ཡིན་པའི་དམར་ཤོག་རིང་ལུགས་ཀྱི་ལྟ་བ་འཛིན་མཁན་གཞོན་སྐྱེས་མང་པོ་ཞིག་གིས། རྒྱ་ནག་ནང་གི་ངལ་རྩོལ་བ་རྣམས་ཀྱི་རང་དབང་དང་སྲུང་སྐྱོབ་ལ་རྒྱབ་སྐྱོར་ལས་འགུལ་སྤེལ་བས། བདེ་སྲུང་མི་སྣས་འཛིན་བཟུང་བྱས་ཏེ་གནས་སྟངས་གང་འདྲ་ཡོད་མེད་ཤེས་ཐབས་བྲལ་བ་ཆགས་བཞིན་ཡོད་པས། སྐད་གྲགས་ཆེ་བའི་གཙུག་ལག་སློབ་གཉེར་ཁང་ཁག་གི་ཁོར་ཡུག་ནང་ཞེད་སྣང་ཆེན་པོ་བསྐྲུན་ཡོད་འདུག

ཟླ་༡༡ པའི་ཚེས་༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། འདི་ལོའི་ཟླ་༦ པའི་ནང་རྒྱ་ནག་གི་ལྷོ་ཁུལ་དུ་ངལ་རྩོལ་བ་ཚོས་ངལ་རྩོལ་བའི་སྐྱིད་སྡུག་ཚོགས་པ་ཞིག་འཛུགས་རྒྱུར་ཐག་གཅོད་བྱས་ཀྱང་། གཞུང་གིས་ཁས་ལེན་མ་བྱས་སྟབས། རེ་སྐུལ་བསྟུད་མར་བྱས་འདུག རྗེས་སུ་ཟླ་བ་༧ པའི་ནང་ཉེན་རྟོག་པས་ངལ་རྩོལ་བ་མང་པོ་ཞིག་འཇུ་བཟུང་བྱས་ཡོད་ཁར། ངོ་རྒོལ་བྱེད་མཁན་ཁག་ལ་རྡུང་རྡེག་བྱས་པའི་གནད་དོན་བྱུང་། གནད་དོན་དེ་ལ་བརྟེན་ནས་ངལ་རྩོལ་བར་རྒྱབ་སྐྱོར་ཆེད་ཟླ་༧ པའི་ཚེས་༢༩ ཉིན་མའོ་རིང་ལུགས་ཀྱི་ལྟ་བ་འཛིན་མཁན་ཡིན་ཟེར་བའི་གཞོན་སྐྱེས་མང་པོ་ཞིག་རྒྱལ་ཁབ་ཀྱི་ས་གནས་འདྲ་མིན་ནས་སླེབས་ཏེ། ངལ་རྩོལ་བའི་ངོ་རྒོལ་ལས་འགུལ་ལ་མཉམ་ཞུགས་བྱས་ཏེ། རྒྱལ་ནང་དུ་དོ་སྣང་ཆེན་པོ་སླེབས་འདུག་པས། ཟླ་༨ པའི་ནང་ལས་འགུལ་དེ་གོ་སྒྲིག་བྱེད་མཁན་གཞོན་སྐྱེས་ལས་འགུལ་བ་མང་པོ་ཞིག་གར་སོང་ཆ་མེད་འགྱུར་ཡོད་འདུག བརྒྱུད་ལམ་གཞན་ལ་གཞོན་སྐྱེས་ལས་འགུལ་བ་༢༢ ནས་ཉུང་མཐར་༡༦ ད་དུང་ཡང་གར་སོང་ཆ་མེད་ཡིན་འདུག གཞོན་སྐྱེས་ལས་འགུལ་བ་དེ་དག་རྒྱ་ནག་གི་སྐད་གྲགས་ཆེ་བའི་གཙུག་ལག་སློབ་གཉེར་ཁང་ཁག་ནས་སློབ་ཐོན་པ་ཡིན་འདུག

བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན། རྒྱ་ནག་གི་གྲོང་ཁྱེར་པེ་ཅིང་དང་ཧྲང་ཧེ་སོགས་གྲོང་ཁྱེར་བཞི་ནས། ཉེ་ཆར་སྐད་གྲགས་ཅན་གྱི་གཙུག་ལག་སློབ་གཉེར་ཁང་ཁག་ནས་སློབ་ཐོན་བྱས་པའི་དམར་ཤོག་ལྟ་བ་འཛིན་མཁན་གཞོན་སྐྱེས་ཚུད་པའི་མི་གྲངས་༡༩ ཞིག་འཛིན་བཟུང་བྱས་ཡོད་ཁར། མི་རིགས་སློབ་ཆེན་གྱི་སློབ་ཐོན་པ་ཞིག་དང་ངལ་རྩོལ་བ་གཉིས་ཝུ་ཧན་ཞེས་པའི་ས་གནས་དེ་ནས་འཛིན་བཟུང་བྱས་འདུག  གཞོན་སྐྱེས་ལས་འགུལ་བ་མང་པོ་ཞིག་གར་སོང་ཆ་མེད་དུ་འགྲོ་བཞིན་པའི་གནད་དོན་དང་འབྲེལ་ནས་པེ་ཅིང་གཙུག་ལག་སློབ་གཉེར་ཁང་གི་སློབ་མའི་རུ་ཁག་གཅིག་གིས། གར་སོང་ཆ་མེད་སོང་བའི་སློབ་ཟུར་རྣམས་ཀྱི་བདེ་སྡུག་ཚོགས་པ་ཞིག་བཙུགས་ནས། ཡོངས་གྲགས་བསྒྲགས་ཡིག་སྤེལ་ཏེ། འཛིན་བཟུང་བྱས་པའི་སློབ་ཟུར་རྣམས་གློད་གྲོལ་གཏོང་བའི་དགོས་འདུན་བཏོན་འདུག རྗེས་སུ་མཐོ་སློབ་ཁང་གི་འཛིན་སྐྱོང་དང་སྒྲིག་ཆས་མ་གྱོན་པའི་ཉེན་རྟོག་པས་གནད་དོན་དེ་སྣང་མེད་གཏོང་དགོས་པའི་ཉེན་བརྡ་ཡང་བཏང་ཡོད་འདུག

དེ་ཡང་པེ་ཅིང་གཙུག་ལག་སློབ་གཉེར་ཁང་གི་སློབ་རའི་ནང་ནས་སློབ་ཕྲུག་གཅིག་གདོང་སྦག་གྱོན་པའི་མི་ཁག་ཅིག་འཛིན་བཟུང་བྱས་པའི་གནས་ཚུལ་དངོས་སུ་མཐོང་མཁན་སློབ་ཕྲུག་གཅིག་གིས། དྲ་ཐོག་ཏུ་བརྙན་ཐུང་སྤེལ་ཏེ་གནད་དོན་དེའི་སྐོར་ཁྱབ་སྤེལ་བྱས་འདུག་པས། ཁོང་ད་ལྟའི་ཆར་རང་ཡུལ་དུ་བཙན་འཁྲིད་བྱས་ཟིན་འདུག ཁོང་གིས་གནས་ཚུལ་དེ་དངོས་སུ་མཐོང་མཁན་སློབ་ཕྲུག་རྣམས་ལ་གདོང་སྦག་གྱོན་མཁན་མི་དེ་དག་གིས་རྡུང་རྡེག་བཏང་ནས། འཛིན་བཟུང་གི་གནད་དོན་དེ་ཁ་པར་བརྒྱུད་པར་དང་བརྙན་བླངས་པ་རྣམས་བཙན་དབང་ཐོག་ཏུ་བསུབ་ཏུ་བཅུག་སྐོར་བརྗོད་ཡོད་འདུག །

ཉེ་བའི་ལོ་ཤས་ནང་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་ལས་འགུལ་བ་སོགས་མང་པོ་ཞིག་འཛིན་བཟུང་བཀག་ཉར་བྱེད་བཞིན་ཡོད་ཁར། ལོ་འདིའི་ནང་མའོ་རིང་ལུགས་ཀྱི་ལྟ་བ་འཛིན་མཁན་གྱི་གཞོན་སྐྱེས་ལས་འགུལ་བའི་ནུས་པ་འཕེལ་བཞིན་པ་བཀག་འགོག་ཆེད། དེ་དག་འཛིན་བཟུང་བྱེད་བཞིན་ཡོད་འདུག ནིའུ་ཡོག་དུས་བབ་ཐོག་ཏུ། འཛིན་བཟུང་བྱས་པའི་གཞོན་སྐྱེས་དེ་དག་ནི་རྒྱ་ནག་གི་སྐད་གྲགས་ཆེ་ཤོས་གྲས་ཀྱི་གཙུག་ལག་སློབ་གཉེར་ཁང་ཁག་དུ་མའོ་རིང་ལུགས་དང་ཞི་ཅིན་ཕིང་གི་བསམ་བློ། མར་ཁེ་སི་རིང་ལུགས་སོགས་ལ་སློབ་གཉེར་ཧུར་ཐག་བྱས་ཏེ་སློབ་ཐོན་རྗེས། དམར་ཤོག་གི་ལྟ་བ་ལྟར་སྤྱི་ཚོགས་ནང་གི་ཉམས་ཐག་དབང་མེད་རྣམས་ཀྱི་ཆེད་དུ་ལས་འགུལ་སྤེལ་བཞིན་ཡོད་པ་དེ་སྲིད་གཞུང་གིས་ཉེན་ཁ་མཐོང་གི་ཡོད་སྐོར་བྲིས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༡༨༩༨ ཀློག་གྲངས།