ཡུ་གུར་རང་བཙན་ཉིན་མོ་སྲུང་བརྩི་དང་རྒྱལ་སྤྱི་ལ་རེ་འབོད།

ཕྱི་ལོ་༡༩༣༣ དང་ཕྱི་ལོ་༡༩༤༤ ལོ་གཉིས་ནང་སྔ་རྗེས་སུ་ཤར་ཏུར་ཀི་སི་ཐན་ནང་། ཡུ་གུར་སྤྱི་མཐུན་རྒྱལ་ཁབ་ཅེས་པ་ཞིག་བཙུགས་ནས་དུས་ཡུན་ཐུང་ངུའི་རིང་གནས་ཡོད་པའི་དུས་དྲན་སྲུང་བརྩི་བྱས་འདུག

ཟླ་འདིའི་ཕྱི་ཚེས་༡༤ ཉིན་ཁ་ཐར་རྒྱལ་ཁབ་ཀྱི་གསར་ཁང་ཨོལ་ཇ་ཛི་ར་(aljazeera) ཞེས་པས་གནས་ཚུལ་སྤེལ་བ་ལྟར་ན། ཤར་ཏུར་ཀི་སི་ཐན་རྒྱལ་ཡོངས་བློ་འབྱེད་ལས་འགུལ་ཚོགས་པའི་གོ་སྒྲིག་འོག ཨ་རིར་གནས་སྡོད་ཡུ་གུར་གྱི་ལས་འགུལ་བ་ཚོས་ཕྱི་ཚེས་༡༢ ཉིན་ཡུ་གུར་རང་བཙན་གྱི་ཉིན་མོའི་དུས་དྲན་སྲུང་བརྩི་བྱས་ནས། ཨ་རིའི་རྒྱལ་ས་ནས་རྒྱ་ནག་ལ་ངོ་རྒོལ་དང་གོམ་བགྲོད་བྱས་ཡོད་འདུག་པ་དང་། ལས་འགུལ་དེའི་ནང་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་། ཡུ་གུར་གྱི་བཙན་བྱོལ་བ་གྲགས་ཅན་རཱེ་བྷི་ཡ་ཀ་དྷིར་སོགས་མཉམ་ཞུགས་བྱས་ཡོད་འདུག

ད་ལྟའི་ཆར་ཤར་ཏུར་ཀི་སི་ཐན་རྒྱ་ནག་གི་དབང་འོག་ཏུ་ཡོད་ཀྱང་། ཡུ་གུར་རང་བཙན་གྱི་ཉིན་མོའི་དུས་དྲན་སྲུང་བརྩི་བྱེད་དོན་ནི། ཕྱི་ལོ་༡༩༣༣ དང་ཕྱི་ལོ་༡༩༤༤ ལོ་གཉིས་ནང་སྔ་རྗེས་སུ་ཤར་ཏུར་ཀི་སི་ཐན་ནང་། ཡུ་གུར་སྤྱི་མཐུན་རྒྱལ་ཁབ་ཅེས་པ་ཞིག་བཙུགས་ནས་དུས་ཡུན་ཐུང་ངུའི་རིང་གནས་ཐུབ་ཡོད་འདུག་པ་དང་། དེ་བཙུགས་ནས་ཟླ་འདིའི་ཕྱི་ཚེས་༡༢ ཉིན་ལོ་ངོ་༧༤ དང་༨༥ བཅས་རིམ་པས་འཁོར་གྱི་ཡོད་འདུག

དུས་དྲན་སྐབས་ལས་འགུལ་བ་ཚོས་ཕོ་བྲང་དཀར་པོའི་མདུན་དུ། ཤར་ཏུར་ཀི་སི་ཐན་རང་བཙན་རྒྱལ་དར་དང་། ཨ་རིའི་རྒྱལ་དར་གཉིས་འཁྱེར་ནས། ཁ་ཆེ་གྲངས་ཉུང་མི་རིགས་ལ་རྒྱ་ནག་གིས་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་དེ་མཚམས་འཇོག་ཡོང་ཆེད་དུ། ཨ་རིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུའི་འབོད་སྐུལ་བྱས་ཡོད་འདུག་པ་མ་ཟད། ཁ་ཆེ་རྒྱལ་ཁབ་ཡོངས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རྒྱུའི་འབོད་སྐུལ་བྱས་ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱ་ནག་གཞུང་ལ། ཁ་ཆེ་མི་རིགས་ཀྱི་མི་ས་ཡ་གཅིག་ལྷག་བཀག་བསྐྱིལ་ཁང་དུ་ཉར་ནས། སློབ་གསོ་བཅོས་སྒྱུར་གྱི་ལས་གཞི་སྤེལ་བཞིན་ཡོད་པར་སྐྱོན་བརྗོད་བྱས་ཡོད་འདུག་པ་དང་། དེ་བཞིན་མང་པོ་ཞིག་གིས་རྒྱ་ནག་གཞུང་ནས་ཡུ་གུར་བ་རྣམས་ལ་ཁ་ཆེའི་ཆོས་ལུགས་ལ་དད་མོས་བྱེད་རྒྱུ་སྤང་དགོས་པ་དང་། རྒྱ་ནག་ཧན་མི་རིགས་དང་ལོགས་སུ་ཆགས་གཞིའི་ཡུ་གུར་བའི་རིག་གཞུང་གི་རྒྱབ་ལྗོངས་འདོར་རྒྱུ་བཅས་ལ་བཙན་ཤེད་ཐོག རམ་ཛཱན་བསྙུང་གནས་སྒྲུབ་རྒྱུ་དང་། ཕྲུ་གུ་རྣམས་ལ་ཁ་ཆེའི་ཆོས་གཞུང་གི་དཔེ་ཆ་སློབ་འཇུག་གི་མེད་པ་བཅས་ཀྱི་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག

ཡུ་གུར་གྱི་ལས་འགུལ་བ་ཨེས་ཌིན་ཨན་སར་ཞེས་པས་“རྒྱ་ནག་གིས་བཀག་བསྐྱིལ་ཁང་དུ་ཉུང་མཐར་མི་ས་ཡ་གསུམ་བཞག་ཡོད་རེད་”ཅེས་དང་། “བཀག་བསྐྱིལ་ཁང་རྣམས་ཀྱི་ནང་དུ་ཡོད་པ་ཚོར་ཁ་ཆེའི་ཆོས་སྤོང་རྒྱུ་དང་། ཆོས་མེད་རིང་ལུགས་བྱེད་རྒྱུ། དེ་བཞིན་རྒྱ་ནག་གཞུང་ལ་ལར་ཞེན་བྱེད་རྒྱུའི་ཁས་ལེན་རྒྱུར་བཙན་ཤེད་གཏོང་གི་ཡོད་རེད་”ཅེས་བརྗོད་ཡོད་འདུག

ལས་འགུལ་སྐབས་མོས། མོ་རང་གི་རྒྱབ་ཕྱོགས་སུ་སྐད་འབོད་རྒྱག་བཞིན་རྣམས་ལ་ཁ་ཕྱིར་འཁོར་ནས། “ཉུང་མཐར་འདིར་ཡོད་མཁན་ཚང་མའི་བཟའ་མི་ཉེ་འབྲེལ་གང་རུང་ཞིག་རྒྱ་ནག་གི་བཀག་བསྐྱིལ་ཁང་དུ་མེད་པ་གཅིག་ཀྱང་ཡོད་མ་རེད་”ཅེས་དང་། “ངའི་ཨ་སྲུའི་ཁྱོ་གའི་ཉེ་འབྲེལ་༧༠ ལྷག་རྒྱ་ནག་གི་བཀག་སྐྱིལ་ཁང་དང་བཙོན་ཁང་ནང་ཡོད་རེད། དེའི་ནང་ནས་གཅིག་ལ་བཀག་སྐྱིལ་ཁང་ནས་སྲོག་ཉེན་ཅན་གྱི་ཁབ་བརྒྱབས་ནས་བསད་ཡོད་རེད་”ཅེས་སོགས་རྒྱ་ནག་གི་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་གྲངས་ཉུང་མི་རིགས་ལ་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པའི་སྐོར་སྣ་ཚོགས་པ་བརྗོད་ཡོད་འདུག

ཡུ་གུར་བའི་ངོ་རྒོལ་ལས་འགུལ་ཐོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ཞིག་ལ་སྐད་ཆ་དྲིས་པར། དེས་ཤིན་ཅང་མི་རིགས་ས་ཁུལ་གྱི་འགོ་ཁྲིད་ཛ་ཀིར་(Zakir) གྱིས་དེ་སྔོན་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཞིག་གི་བཅར་འདྲི་ཐོག བཀག་བསྐྱིལ་ཁང་རྣམས་ནི་“ལག་ཤེས་སྦྱོང་བརྡར་བསྟི་གནས་ཁང་”ཡིན་པ་དང་། དེའི་ནང་ཐུན་མོང་གི་སྐད་ཡིག་དང་། ཁྲིམས་ལུགས་ཤེས་བྱ། ལག་རྩལ་སློབ་སྦྱོང་སོགས་སློབ་ས་ཡིན་སྐོར་བརྗོད་ཡོད་པ་དེར་བལྟ་དགོས་སྐོར་བརྗོད་ཡོད་འདུག  །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

 

Share this:
༡༠༤༥ ཀློག་གྲངས།