མིས་མི་བཀྱགས་ན་རྒྱལ་པོ་དང་བློན་པོ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༢༥   ཕྱི་ལོ་ ༢༠༡༨/༡༡ /༡༤

ཉེ་ཆར་བགྲོ་གླེང་གནང་བའི་བརྙན་དུམ་ཞིག་ངོ་དེབ་དང་འཕྲིན་ཕྲན་སོགས་སུ་བཏང་ནས་བསམ་ཚུལ་འདྲ་མིན་ཤོད་བཞིན་པ་དང་། དེ་ནི་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་བཀའ་ཟུར་རྒྱ་རི་རིན་པོ་ཆེའི་མཛད་རྗེས་གླེང་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཡོང་བར་ཁོང་རྣམ་པའི་ངོས་ནས་འབད་བརྩོན་གནང་ཚུལ་སོགས་གསུངས་པ་ཞིག་རེད། མི་ཁག་ཅིག་གིས་བཀའ་མོལ་དེ་ནི་མི་ལེགས་པ་མ་ཟད། དོན་གྱིས་༧གོང་ས་མཆོག་ལ་སྐུར་འདེབས་སུ་འགྱུར་ཚུལ་བརྗོད་མཁན་ཡང་འདུག སྤྱིར་མི་ཚང་མའི་བསམ་ཚུལ་གཅིག་པ་ཡོང་མི་སྲིད་པས་ཕྱོགས་འདྲ་མིན་ནས་གླེང་སློང་ཡོང་བ་ནི་ཆོས་ཉིད་ཡིན་ནའང་། མི་མང་པོ་ཞིག་གིས་དོན་དངོས་ཀྱི་འགྲོ་སྟངས་དང་གནས་ཚུལ་མི་ཤེས་པ་དང་ཞིབ་འཇུག་ཀྱང་གཏན་ནས་མ་བྱས་པར་གང་བྱུང་བརྗོད་མཁན་ཡོད་ཅིང་། ཡང་ཁ་ཅིག་གིས་དོན་དངོས་ཤེས་ཀྱང་གང་ཟག་གང་ཡང་རུང་བ་ཞིག་སྣང་བར་མི་འགྲོ་བ་རྒྱུ་མཚན་དུ་བྱས་ནས་ཆེད་དུ་དཀྲོག་གཏམ་བཟོ་མཁན་ཡང་མང་པོ་ཡོད།

དོན་དངོས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་རིགས་ཀྱི་ནང་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཐོག་མ་དེ་ཡིན་པ་ཙམ་དུ་མ་ཟད། འཛམ་གླིང་སྤྱི་ཡོངས་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་ནང་ནས་ཆེས་ཕུལ་དུ་བྱུང་བ་དང་། ཚང་མའི་ནང་ནས་ཏོག་ལྟ་བུར་གྱུར་ཡོད་པ་འཛམ་གླིང་ཡོངས་གྲགས་ཡིན་པ་བརྗོད་མི་དགོས། དེར་བརྟེན་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་མི་འོས་ཚུལ་བརྗོད་མཁན་དགྲ་བོ་རྒྱ་དམར་གཞུང་ཙམ་ལས་གཞན་སུ་ཡང་མེད། འོན་ཀྱང་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཡོང་བར་ཕྱི་ནང་གི་མི་མང་པོ་ཞིག་གིས་འབད་བརྩོན་གནང་ཡོད་པ་དེ་ཡང་དོན་དངོས་ཡིན་པ་ལས། ཧམ་བཤད་དང་རྫུན་གྱི་རིགས་གཏན་ནས་ཡིན་མི་སྲིད། བོད་པའི་ཁ་རྒྱུན་དུ་མི་ལ་རྒྱུ་དགོས། རྒྱུ་ལ་བདག་པོ་དགོས་ཞེས་བརྗོད་སྲོལ་ཡོད་པ་བཞིན། བོད་ལ་༧གོང་ས་མཆོག་ལྟ་བུའི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡོད་པ་དེ། འཛམ་གླིང་མི་མང་གི་མདུན་དུ་ཤེས་རྟོགས་ཡོང་ཐབས་དགོས་པ་ལས་སྣེ་བ་རྣམས་ཀྱི་ལས་འགན་ཁོ་ན་ཡིན།

བོད་མི་རིགས་ལ་མཚོན་ན་གཞན་ལ་མེད་པའི་ཡིད་བཞིན་ནོར་བུ་ལྟ་བུའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོོག་ཡོད་པ་དེ་ལ་རྒྱལ་སྤྱིའི་ཐོག་ནས་ངོས་འཛིན་ཡོང་ཐབས་བྱེད་དགོས་པ་དེ། རྒྱལ་སྤྱིའི་འགྲོ་སྟངས་དང་མཐུན་ཞིང་བོད་མི་རིགས་ཀྱི་ལམ་ལུགས་སྲོལ་གང་ཐད་ནས་གལ་ཆེན་པོ་ཡིན། བོད་པའི་བཤད་སྲོལ་ཞིག་ལ་“མིས་མི་བཀྱགས་ན་རྒྱལ་པོ་དང་བློན་པོ། ཤིང་གིས་ཤིང་བཀྱགས་ན་ཀ་བ་དང་གདུང་མ་”ཞེས་བརྗོད་སྲོལ་ཡོད་པ་བཞིན། དོན་དུ་༧གོང་ས་ཡིད་བཞིན་ནོར་བུ་ལ་ནོར་བུའི་ནོར་ངོ་ཆོད་པ་ཞིག་ཡོང་ཆེད་དུ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་སོགས་རྒྱལ་སྤྱིའི་ནང་གི་གཟེངས་རྟགས་འབུལ་བཞེས་ཡོང་བའི་ཐབས་ཤེས་གང་ཡོད་བྱས་པ་དེ། བྱས་རྗེས་ཡིན་པ་ལས་ནོར་འཁྲུལ་ཞིག་ཏུ་ངོས་འཛིན་བྱེད་མི་འོས་པ་མ་ཟད། ལས་དོན་འདི་ལྟ་བུའི་ཐོག་ལ་འབད་བརྩོན་བྱེད་མཁན་གྱི་མི་སྣ་རྣམས་ལ་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ལས། དེ་ལྟ་བུའི་བྱས་རྗེས་ཙམ་ཡང་བརྗོད་མི་ཆོག་པའི་ཁོར་ཡུག་ཅིག་ཡོད་ན། དོན་དུ་སྤྱི་ཚོགས་དེའི་བསམ་བློའི་ཁོར་ཡུག་ལ་སྐྱོན་ཆ་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་དགོས།

མ་འོངས་པར་བོད་པའི་སྤྱི་ཚོགས་ནང་༧གོང་ས་མཆོག་ལྟ་བུའི་རླབས་ཆེན་གྱི་སྐྱེས་བུ་ཞིག་འབྱུང་དཀའ་ནའང་། སྤྱི་ཚོགས་ནང་འབུར་དུ་ཐོན་པའི་མི་སྣ་སུ་ཞིག་བྱུང་ཡང་བོད་པ་རང་ངོས་ནས་ངོས་འཛིན་གསལ་པོ་བྱེད་དགོས་པ་དང་། རྒྱལ་སྤྱིའི་ཁྱོན་དུའང་དེ་ལྟར་ངོས་འཛིན་དགོས་པའི་ལས་འགུལ་སྤེལ་ཐུབ་མཁན་གྱི་མི་སྣ་སུ་ཡིན་ཡང་སྤེལ་དགོས་ངེས་རེད། བོད་པར་ཡོད་པའི་སྐྱོན་ཆ་ཆེ་ཤོས་ནི་བོད་པ་རང་གི་སྤྱི་ཚོགས་ནང་འབུར་དུ་ཐོན་པའི་མི་སྣ་ཞིག་ཡོང་བའི་རེ་བ་ཡོད་པ་ཞིག་མཐོང་ན། སྒང་ནས་གནོན་ཐབས་དང་འོག་ནས་འཐེན་ཐབས་ཁོ་ན་བྱེད་པ་ལས། རྒྱབ་སྐྱོར་དང་གུས་བཀུར་བྱེད་མཁན་ཞིག་ཧ་ཅང་དཀོན་པ་ནི། བོད་པ་སྤྱི་ཡོངས་ཀྱི་ངོས་ནས་སྐྱོན་ཆ་ཆེ་ཤོས་སུ་གྱུར་ཡོད། འདས་པའི་ལོ་རྒྱུས་ནང་དུའང་བོད་མི་རླབས་ཆེན་ཞིག་ཐོན་ཡོང་བའི་སྐབས་སུ་བོད་པ་རང་ངོས་ནས་རྩ་མེད་བཏང་བའི་ལོ་རྒྱུས་མང་པོ་བྱུང་ཞིང་། ད་ལྟ་བོད་པའི་བསམ་བློའི་གནས་སྟངས་ལ་གཞིགས་ན་མ་འོངས་པར་ཡང་དེ་ལྟ་བུའི་གནས་ཚུལ་མང་པོ་ཡོང་ངེས་ཡིན་པས་དེའི་ཐོག་ལ་བསྒྱུར་བཅོས་ངེས་པར་དུ་གཏོང་དགོས།

མདོར་བསྡུས་ན་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་དེ། བོད་པ་ཡོངས་ཀྱི་བསོད་ནམས་ཡིན་ལ། དེའི་ཆེད་དུ་འབད་བརྩོན་བྱེད་མཁན་གྱི་ཕྱི་ནང་གི་མི་སྣ་སུ་འདྲ་ཞིག་ཡིན་ཡང་བོད་མི་ཡིན་ནོ་ཅིག་གིས་བཀའ་དྲིན་དྲན་དགོས་པ་ལས། དེ་ལྟར་བྱས་པའི་ལོ་རྒྱུས་ཙམ་བགྲང་པ་ནག་ཅན་དུ་གཏན་ནས་བརྩི་མི་འོས། ད་བར་བོད་པའི་སྤྱི་ཚོགས་ནང་ནུས་པ་ཆེ་ཤོས་ཐོན་པ་༧གོང་ས་མཆོག་གི་མཛད་རྗེས་ཡིན་ནའང་། ༧གོང་ས་མཆོག་གི་མཛད་རྗེས་ལ་དབུ་འོག་དཔུང་འདེགས་ཀྱི་ནུས་པ་འདོན་མཁན་མང་པོ་བྱུང་ཡོད་པ་དེ་རྟེན་ཅིང་འབྲེལ་བར་འབྱུང་བའི་གནས་ལུགས་ཁས་ལེན་མཁན་ཞིག་ཡིན་ན་རྒྱས་བཤད་དགོས་དོན་གང་ཡང་མེད། དེར་བརྟེན་ད་ལན་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་གསུངས་པ་དེ་ནི་དོན་དང་མཐུན་ཞིང་རྒྱུ་མཚན་ལྡན་པ་ཞིག་ཏུ་གྱུར་ཡོད། མ་འོངས་པར་ཡང་༧གོང་ས་མཆོག་ལ་བརྟེན་ནས་རང་ཉིད་ལ་ཁེ་ཕན་ག་རེ་རག་མིན་གྱི་རྩིས་ཁོ་ན་རྒྱག་པ་ལས། ༧གོང་ས་མཆོག་དང་བོད་མི་རིགས་ལ་ཞབས་འདེགས་སུ་འགྲོ་བའི་ནུས་པ་ག་རེ་འདོན་ཐུབ་མིན་དེ་གཙོ་བོར་འཛིན་མཁན་གྱི་མི་སྣ་མང་པོ་དགོས་པ་དེ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད།།

Share this:
༥༡༦ ཀློག་གྲངས།