གྲོས་ཚོགས་ཀྱི་ལས་དོན་སྙིང་བསྡུས།

༡༽     རྟེན་འབྲེལ་གསོལ་ཇ་འབྲས་སིལ་དང། རྒྱལ་གླུ། ཚོགས་གཙོའི་དབུ་འཛུགས་གསུང་བཤད། ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་བསྐོ་གཞག

༢༽     བོད་མདོ་ཁམས་སྐྱེ་རྒུ་མདོ་དང། མདོ་སྨད་འབྲུག་ཆུ། ལ་དྭགས་སོགས་སུ་འབྱུང་བའི་འཇིགས་པས་རྐྱེན་འདས་སུ་ཕྱིན་པ་སོགས་དང། སྤྱི་ཟུར་སྒོ་མང་བསྟན་པ་དང་། ཚོགས་དྲུང་ཕུར་བུ་ཚེ་རིང་གཉིས་སྐུ་གཤེགས་པ་བཅས་ལ་མྱ་ངན་གུས་འདུད།

༣༽     སྐབས་སུ་བབ་པའི་ལས་དོན་གཙོ་བོ་བཀའ་བློན་ལས་ཁུངས་ཁག་གི་རྩིས་ལོ་ ༢༠༠༩།༤།༡ ནས་ ༢༠༡༠།༣།༣༡ བར་གྱི་ལས་བསྡོམས་སྙིང་བསྡུས་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་ལས་བསྡོམས་རྒྱས་པར་བལྟ་ཞིབ་གནང་བའི་སྙན་ཐོ་བཅས་སྙན་སྒྲོན་ཐོག་བགྲོ་གླེང་ཞིབ་རྒྱས་དང་། འབྲེལ་ཡོད་བཀའ་བློན། རྒྱུན་ལས་བཅས་ནས་གསལ་བཤད་ལན་འདེབས།

༤༽    བཀའ་ཤག་དང་ཐད་འབྲེལ་གྱི་གནད་དོན་གལ་ཆེ་ཁག་འགར་བཀའ་ཁྲིས་དམིགས་བསལ་གསལ་བཤད།

༥༽     བཅའ་དོན་ཚན་སོ་བདུན་པ་དང་། མཛད་གཙོ་རྣམ་པ་སྟེ། ཁྲིམས་ཞིབ་པ། སྤྱི་འཐུས། བཀའ་བློན། རྩིས་ཞིབ་འགན་འཛིན། འོས་བསྡུའི་འགན་འཛིན། གཞུང་ཞབས་འདེམས་ལྷན་ཚོགས་གཙོ་བཅས་ཀྱི་ཐོང་ཐང་སྒྲིག་གཞི། འོས་བསྡུའི་སྒྲིག་གཞི། གཞིས་ཆགས་ཁག་གི་ས་ཁང་སྒྲིག་གཞི། ལས་ཤག་དང་བགྲེས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི། དངུལ་རྩིས་སྟངས་འཛིན་གྱི་སྒྲིག་གཞི། དྭང་བླང་དཔྱ་དངུལ་བསྡུ་འབུལ་གྱི་སྒྲིག་གཞི། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་ཀྱི་སྒྲིག་གཞི། གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་བཅས་ཀྱི་སྡེ་ཚན་ཁག་མ་འདྲ་བ་ ༨༢ ལ་བསྐྱར་བཅོས།

༦༽     བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་བསམ་ཤོག་ཕྱོགས་བསྡོམས་དབྱེ་གསེས་ཀྱིས་ལན་ལེན་བསྟར་ཕྱོགས་སྐོར།

༧༽     བོད་ཀྱི་ཐུན་མོང་མ་ཡིན་པའི་གསོ་བ་རིག་པ་དེ་བཞིན་སྲོལ་རྒྱུན་སྨན་གྱི་གྲས་སུ་རྒྱ་གར་གཞུང་གིས་ཁྲིམས་མཐུན་ངོས་ལེན་གྱི་ཁྲིམས་ཡིག་བསྐྱར་བཅོས་ལ་ཐུགས་རྗེ་ཆེ་ཞུ།

༨༽     གྲོས་ཚོགས་ཀྱི་ཆེད་འཛུགས་ཚོགས་ཆུང་ཁོངས། གཟེངས་རྟགས་ཀྱི་སྒྲིག་གཞི་གསར་བཟོ་ཚོགས་ཆུང་དང་། རྡོ་རིང་ཚོགས་ཆུང་། བོད་ཀྱི་ཡུལ་མིར་ཞུགས་ཕྱོགས་ཀྱི་ཁྲིམས་ཡིག་ཟིན་བྲིས་ཚོགས་ཆུང་བཅས་ཀྱི་སྙན་ཐོ་ཁག་སྙན་སྒྲོན།

༩༽ ད་ཡོད་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་བསྐྱར་བསྐོ་དང། དྭང་བླང་དཔྱ་དངུལ་ལག་དེབ་ཞིབ་འཇུག་ཚོགས་ཆུང་ཕར་འགྱངས་དང་ཚོགས་མི་ཁ་སྣོན།

༡༠༽    ཐུགས་སྣང་གཞེན་སྐུལ་ཁག་དང་། སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར། སྤྱི་འཐུས་སྒེར་གྱི་གསལ་བཤད།

༡༡༽    ཁྱོན་ཡིག་ཆ་ཨང་ ༨༡ འགྲེམས་སྤེལ།

༡༢༽    ནམ་རྒྱུན་གྲོས་ཚོགས་སུ་ཅུང་དོ་སྣང་ཆེ་ཙམ་སྤྲོད་སྲོལ་ཡོད་པའི་སྐར་རྟགས་ཅན་གྱི་དྲི་བ་གཅིག་ཀྱང་བྱུང་མེད་པ་བཅས།

ཕྱི་ཚེས་ ༧ ཞོགས་པ་ཚོགས་འདུ་དབུ་འཛུགས་སྐབས་སྤྱི་འཐུས་ ༡༠ དང།

ཕྱི་ཚེས་ ༨ ཞོགས་པ་དབུ་འཛུགས་སྐབས་སྤྱི་འཐུས་ ༨

ཕྱི་ཚེས་ ༩ ཞོགས་པ་དབུ་འཛུགས་སྐབས་སྤྱི་འཐུས་ ༩

ཕྱི་ཚེས་ ༡༠ ཞོགས་པ་དབུ་འཛུགས་སྐབས་སྤྱི་འཐུས་ ༦

ཕྱི་ཚེས་ ༡༣ ཞོགས་པ་དབུ་འཛུགས་སྐབས་སྤྱི་འཐུས་ ༡༠

ཕྱི་ཚེས་ ༡༤ ཞོགས་པ་དབུ་འཛུགས་སྐབས་སྤྱི་འཐུས་ ༡༠

ཕྱི་ཚེས་ ༡༥ ཞོགས་པ་དབུ་འཛུགས་སྐབས་སྤྱི་འཐུས་ ༩

ཕྱི་ཚེས་ ༡༦ ཞོགས་པ་དབུ་འཛུགས་སྐབས་སྤྱི་འཐུས་ ༡༠

ཕྱི་ཚེས་ ༡༧ ཞོགས་པ་དབུ་འཛུགས་སྐབས་སྤྱི་འཐུས་ ༧ བཅས་གྲོས་ཚོགས་སུ་འབྱོར་མེད་པ་རེད། གྲོས་ཚོགས་ཆ་ཚང་ལ་དགོངས་པ་ཞུ་མཁན་སྤྱི་འཐུས་དགེ་བཤེས་གཡུང་དྲུང་རྒྱལ་མཚན་དང། རྒྱལ་ནོར་ཚེ་དབང་། སྒྲོལ་མ་མཚོ་མོ་གསུམ་བྱུང་ཡོད་པ་དང་། དཔལ་ལྡན་ཚོགས་གཙོ་མཆོག་ཀྱང་ཕྱི་ཚེས་ ༡༤ ཉིན་གཅིག་དང་། ཕྱི་ཚེས་ ༡༥ ཚོགས་ཐེངས་ ༣ 《ཉིན་རེར་ཚོགས་ཐེངས་ ༤ རེ་ཡོད།》ཕྱི་ཚེས་ ༡༦ ཉིན་གཅིག་བཅས་གྲོས་ཚོགས་སུ་ཕེབས་གནང་མེད་ཀྱང་དགོངས་ཤོག་ཀྱང་བཏང་གནང་མེད་པ་རེད། བཀའ་བློན་བསྟན་པ་ཚེ་རིང་མཆོག་ཉིན་ཤས་ཐུགས་ཁོམ་མེད་པ་ལས་གཞན་བཀའ་བློན་རྣམ་པ་ཚང་མ་གྲོས་ཚོགས་ཆ་ཚང་ལ་ཕེབས་ཞུགས་གནང་ཡོད་པ་བཅས།།

Share this:
༧༥ ཀློག་གྲངས།