བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི།

མཁས་དབང་བཀྲ་ཤིས་ཚེ་རིང་གིས། “སྤྱི་ཚོགས་གང་ལ་ལྟ་རུ་ཕྱིན་ན། སུད་ཌེན། ཌན་མག ནོར་ཝེ་ཡར་ཕུད་པའི་གཞན་དག་འཛམ་བུ་གླིང་གི་སྤྱི་ཚོགས་ཚང་མའི་ནང་ལ་རང་དབང་དེ་ཙམ་ཡོད་མ་རེད། སྤྱི་ཚོགས་རིང་ལུགས་ཡིན་ན་འདྲ། དབང་ཆ་གཅིག་བསྡུས་ཡིན་ན་འདྲ། ག་རེ་ཡིན་ན་རྩོམ་པ་པོར་ག་དུས་ཡིན་ན་དཀའ་ངལ་དེ་འདྲ་འཕྲད་ཡོད་རེད། ང་ཚོས་དངོས་ཡོད་གནས་ཚུལ་དེ་དག་བརྗེད་རུང་གི་མ་རེད་”ཅེས་གསུངས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༥ ཉིན་གྱི་སྔ་དྲོ་དྷ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གཉིས་མཉམ་འབྲེལ་གྱི་གོ་སྒྲིག་འོག རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་ནས། བཀག་སྡོམ་དང་དབྱེ་འབྱེད་འོག་གི་བོད་ཀྱི་རྩོམ་རིག་ཅེས་པའི་དཔེ་དེབ་ཅིག་དང་། པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་དྲུང་ཆེ་ཉི་མ་འཚོས་བོད་སྒྱུར་བྱས་པའི་བྱིས་སྒྲུང་དེབ་ཕྲེང་ཁག་ཅིག་བཅས་དབུ་འབྱེད་གནང་སོང་།

མཛད་སྒོའི་ཐོག་མར་ཚོགས་ཞུགས་པ་ཚང་མས་ལྷན་དུ་བོད་དང་རྒྱལ་སྤྱིའི་བཙོན་འོག་རྩོམ་པ་པོ་རྣམས་ཀྱི་ཆེད་དུ་མྱ་ངན་ངག་བཅད་སྐར་མ་གཅིག་རིང་བྱས་རྗེས། པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་དྲུང་ཆེ་ཉི་མ་འཚོས་རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་ངོ་སྤྲོད་གནང་སྟེ། དེ་རིང་གི་ཉིན་མོ་འདི་སྲུང་བརྩི་ཞུ་དགོས་དོན་ནི། ལུས་པོ་བཙོན་འོག་གི་རྩོམ་པ་པོའི་ལྷན་དུ་མེད་ཀྱང་། སེམས་པ་མཉམ་དུ་ཡོད་ཅེས་སྟོན་ཐབས་སུ་ཡིན་སྐོར་དང་། བོད་ནང་གི་རྩོམ་པ་པོ་བཙོན་ཁང་ནང་མ་ཚུད་པ་རྣམས་ཀྱང་རང་དབང་མེད་པ་ཡིན་སྐོར། པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱིས་ལོ་ལྟར་ཉིན་མོ་འདི་བརྩི་སྲུང་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་ན་ནིང་ནས་བཟུང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་མཉམ་འབྲེལ་གྱིས་སྲུང་བརྩི་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་སོང་།

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་བསྟི་གནས་ཁང་གི་འགན་འཛིན་ལོ་རྒྱུས་མཁས་དབང་བཀྲ་ཤིས་ཚེ་རིང་གིས་དུས་ཚོད་དང་གནས་སྟངས་འདི་འདྲ་ཞིག་ལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་། པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་གཉིས་ཀྱིས་ལས་འགུལ་འདི་འདྲ་སྤེལ་བཞིན་པར་ལེགས་གསོའི་བསྔགས་བརྗོད་དང་སྦྲགས་གསུང་དོན་དུ་“དེ་རིང་བཤད་ཡ་དེའི་ནང་། རྩོམ་འབྲིའི་རང་དབང་དང་། ཡང་མིན་ན་རྩོམ་པ་པོ་ལ་སྡུག་སྦྱོང་བྱེད་པའི་སྐད་ཆ་ཞིག་སླེབས་ཀྱི་འདུག ང་ཚོས་བསམ་བློ་ཡག་པོ་བཏང་ན་བཙན་བྱོལ་སྤྱི་ཚོགས་ནང་ལ་ཡོད་མཁན་གྱི་བོད་པ་ཞིག་ཡིན་ཚར་ན། ང་ཚོར་དངོས་གནས་དཀའ་ངལ་དཔེ་མང་པོ་ཡོད་རེད། རྩོམ་པ་པོ་ཚོས་ང་ཚོའི་བཙན་བྱོལ་གྱི་དབུས་བོད་མིའི་སྒྲིག་འཛུགས་ལ་གཅིག་བསྟུན་དགོས་རེད། ཀྲུང་གོ་ལ་གཅིག་བསྟུན་དགོས་རེད། རྒྱ་ནག་རྒྱལ་ཁབ་ལ། གཞིས་ཕ་ཡུལ་གྱི་གཉེན་སྤུན་དང་གཞིས་ཕ་ཡུལ་ལ་གཅིག་བསྟུན་དགོས་རེད། རྒྱ་གར་གཞུང་ལ་གཅིག་བསྟུན་དགོས་རེད། ང་ཚོར་རང་དབང་ཡོད་རེད་དམ་ཟེར་ན་རང་དབང་ཡོད་མ་རེད། དངོས་ཡོད་གནས་ཚུལ་ལ་དེ་གསུམ་ཆར་སྐྲག་ནས་བསྡད་དགོས་རེད། དངོས་ཡོད་གནས་ཚུལ་བཤད་ན་དེ་རེད། དེར་བརྟེན་ང་ཚོར་ཧ་ལས་པའི་རང་དབང་ཡོད་སྣང་འདྲ་ཤར་བསྡད་ཀྱི་འདུག་སྟེ་དངོས་གནས་བྱས་ན་རང་དབང་དེ་ཙམ་ཆེན་པོ་ཡོད་མ་རེད། དེ་འདྲ་གཅིག་དྲན་བསྡད་ཀྱི་འདུག གཉིས་ནས་མིའི་གཤིས་ཀ་ག་རེ་འདྲ་ཡོད་རེད་ཟེར་ན། བོད་པ་རང་གི་མིའི་གཤིས་ཀ་ཚེ་སྔ་མོ་ཡིན་ན་འདྲ། དུས་ད་ལྟ་ཡིན་ན་འདྲ། སྤྲེལ་ལད་ཀྱི་རི་བོང་གཅལ་འདྲོགས་བྱེད་མཁན་ཞིག་རེད། རྨོངས་དད་ཀྱི་རི་བོང་གཅལ་འདྲོགས་བྱེད་མཁན་ཞིག་རེད། དངོས་གནས་རྣམ་དཔྱོད་བེད་སྤྱོད་གཏོང་ཐུབ་མཁན་ཞིག་རེད་དམ་ཟེར་ན། དཀའ་མོ་རེད། དཀའ་ལས་ཁག་པོ་རེད། དེ་ནས་ང་རང་ཚོའི་བླ་མ། དཔོན་པོ།  ཆེ་བ་རྣམས་སྤྲེལ་ལད་ལ་དཔེ་དགའ་པོ་ཡོད་རེད། སྤྲེལ་ལད་ལ་དགའ་པོ་མེད་གསུང་གི་རེད། སྤྲེལ་ལད་མ་འཁྲབ་ཟེར་ནས་བཀའ་སློབ་གསུང་གི་རེད། དོན་ངོ་མར་ལག་ལེན་བསྟར་ཡོང་དུས་ཧ་ལས་པ་སྤྲེལ་ལད་ལ་དགའ་པོ་ཡོད་རེད། སྤྱིར་བཏང་ཁོ་རང་ང་ཚོ་སྤྲེལ་ལད་སྒང་ལ་འགྲོ་དགོས་རེད། དེ་ཚོ་ང་ཚོས་བྱེད་རྒྱུ་ཡོད་མ་རེད་ཟེར་བསམ་གྱི་འདུག ག་རེ་ཟེར་ན། རྒྱ་ལ་མཛུབ་མོ་བཙུགས་ནས་གཅིག་འགྲིག་གི་མི་འདུག་ཟེར་ནས་དེ་འདྲ་ལབ་དགོས་ས་རེད་མ་རེད། ད་འོ་ན་རྩོམ་པ་པོར་རང་དབང་མེད་པ་དང་། མནར་གཅོད་བཏང་བའི་ལོ་རྒྱུས་བཤད་དགོས་ན་རྒྱལ་དབང་ལྔ་པས་དགའ་ལྡན་ཕོ་བྲང་གཞུང་བཟུང་ནས་དང་པོ་དེར་ཇོ་ནང་ཏག་ཏག་བཟོས་རེད། ཇོ་ནང་རྗེ་བཙུན་ཏ་ར་ན་ཐའི་གསུང་འབུམ་པར་ཤིང་ལ་ཐེལ་ཙེ་བརྒྱབས་ནས་འགྲེམས་སྤེལ་བྱས་མ་ཆོག་པ་བཟོས་རེད་”ཅེས་དང་། གསུང་འབུམ་དེ་དུས་རབས་༡༩ ཡི་སྨད་ཆར་བོད་གཞུང་ལ་སྙན་ཞུ་བརྒྱབས་རྗེས་གཞི་ནས་འགྲེམས་སྤེལ་བྱས་ཐུབ་པ་བྱུང་སྐོར་དང་། ད་ལྟ་ཡང་ཇོ་ནང་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་རག་མེད་སྐོར། དེ་བཞིན་ཁོང་གིས་མུ་མཐུད་དུ་“ད་འོ་ན་༥༩ ལོར་འདིར་སླེབས་པ་རེད། ༦༣ ལ་མང་གཙོ་ཡིན་ལབ་རེད། མང་གཙོ་ཡིན་ཤག་ཤག་རེད། ང་རང་ཚོ། ཡིན་ནས་༦༣ ནས་ད་ལྟ་བར་དུ་ང་རང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ལ་རྩོམ་པ་པོ་ལ་ཐུབ་གནོན་བྱུང་ཡོད་རེད་དམ། རྩོམ་པ་པོར་དཀའ་ངལ་ག་རེ་འཕྲད་ཡོད་རེད། གདུག་རྩུབ་འདྲ་པོ་ག་རེ་ག་རེ་འཕྲད་ཡོད་རེད་ཟེར་ན་ལོ་རྒྱུས་མང་པོ་ཡོད་རེད། རིང་པོ་ཡོད་རེད། དེར་བརྟེན་སྤྱི་ཚོགས་གང་ལ་ལྟ་རུ་ཕྱིན་ན། སུད་ཌེན། ཌན་མག ནོར་ཝེ་ཡར་ཕུད་པའི་གཞན་དག་འཛམ་བུ་གླིང་སྤྱི་ཚོགས་ཚང་མའི་ནང་ལ་རང་དབང་དེ་ཙམ་ཡོད་མ་རེད། སྤྱི་ཚོགས་རིང་ལུགས་ཡིན་ན་འདྲ། དབང་ཆ་གཅིག་བསྡུས་ཡིན་ན་འདྲ། ག་རེ་ཡིན་ན་རྩོམ་པ་པོར་ག་དུས་ཡིན་ན་དཀའ་ངལ་དེ་འདྲ་འཕྲད་ཡོད་རེད། དེ་ང་ཚོས་དངོས་ཡོད་གནས་ཚུལ་དེ་དག་བརྗེད་རུང་གི་མ་རེད་”ཅེས་གསུངས་སོང་།

དེ་བཞིན་མཛད་སྒོའི་དམིགས་བསལ་སྐུ་མགྲོན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་གྱིས་“ཞིབ་ཚགས་པོ་བཤད་ན་རྒྱ་མིར་ཁྲིམས་ཡོད་མ་རེད། དབྱིན་ཇིའི་སྐད་ནང་གི་ ‘law’ཟེར་བ་དེ་བསྒྱུར་ན། མཐུན་འབྲེལ་ཡོང་ཡ་དང་། འཆམ་མཐུན་ཡོང་ཐབས། མང་ཚོགས་ལ་བདེ་སྐྱིད་བསྐྲུན་མཁན་བཅས་རེད། དེ་འདྲའི་ལམ་ལུགས་ཤིག་ལ་ཟེར་གྱི་རེད་མ་གཏོགས། མི་སོད་ཤོག བཅོམ་ཤོག རྡུང་ཤོག་ཟེར་བ་དེར་ཁྲིམས་བརྩི་ཡི་མ་རེད། དངོས་གནས་དྲང་པོ་བཤད་ན་རྒྱ་གཞུང་ཁྲིམས་ཡོད་མ་རེད། ད་ལྟ་སྐབས་སུ་བབ་པ་རྩོམ་པ་པོའི་རང་དབང་ཟེར་བ་དེ་ག་པར་ཡོང་ཡ་ཡོད་རེད། གང་ལྟར་ཁོ་རང་ཚོའི་ལམ་ལུགས་ལ་བསྟོད་པ་གཏོང་སྡོད་མཁན། རྒྱལ་བ་རིན་པོ་ཆེར་ངོ་རྒོལ་བྱེད་མཁན་དེ་ཚོ་འབྲི་ཆོག་གི་ཡོད་རེད། རྒྱལ་བ་རིན་པོ་ཆེ་ཕར་བཞག བོད་པ་སྤྱིའི་མཚོན་དོན་དང་བོད་པ་འབུར་དུ་དོད་པའི་མཚོན་དོན། གཞས་གཏོང་མཁན་སྐད་གྲགས་ཆེ་བ་ཞིག་ཡོད་ན་ཡང་བཙོན་ལ་བཅུག་གི་འདུག རྩོམ་པ་པོ་སྐད་གྲགས་ཆེ་བ་ཞིག་ཡིན་ན་བཙོན་ལ་བཅུག་གི་འདུག བླ་མ་སྐད་གྲགས་ཆེ་བ་ཞིག་ཡིན་ན་བཙོན་ལ་བཅུག་གི་འདུག དེ་ང་ཚོས་མཐོང་མཐོང་པ་རེད་”ཅེས་དང་དེ་ཁུངས་འཁྱོལ་ཐབས་མེད་པ་ཡིན་སྐོར་སོགས་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་དང་འབྲེལ་ནས་བཀའ་སློབ་ཞིབ་རྒྱས་གསུངས་སོང་།

དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་པ་དང་རྩོམ་སྒྲིག་འགན་འཛིན་ན་ག་སངས་རྒྱས་བསྟན་དར་གྱིས་རྩོམ་པ་པོ་དང་རྩོམ་འབྲིའི་རང་དབང་གལ་ཆེན་ཡིན་སྐོར་གསུང་སྐབས་“དེ་རིང་ཁ་སང་འཛམ་བུ་གླིང་ནང་ལ་བདེ་སྐྱིད་ཏོག་ཙམ་ཡོད་པ་ཚང་མ་མནར་གཅོད་གཏོང་མཁན་ཚོར་རྒོལ་ལན་སློག་ནས་ཐོབ་པ་ཤ་སྟག་རེད། གལ་སྲིད་མནར་གཅོད་གཏོང་མཁན་རྣམས་ལ་ངོ་རྒོལ་བྱས་ནས། ཁོ་ཚོར་འགོག་རྐྱེན་གང་ཡང་མེད་ན་མུ་མཐུད་དུ་མནར་གཅོད་བཏང་ནས་རང་དབང་རྩ་བ་ནས་རག་གི་མ་རེད། ད་ལྟ་འཛམ་བུ་གླིང་ནང་ལ་མང་གཙོ་ལ་སོགས་པའི་རང་དབང་ཏོག་ཙམ་ཡོད་པ་དེ་ཕྱོགས་གཅིག་ནས་བཤད་ན་མིས་བརྩོན་ལེན་བྱས་པ་ལ་བརྟེན་ནས་བྱུང་བ་རེད་ཅེས་བརྗོད་ཀྱི་འདུག དེ་འདྲའི་གནས་སྐབས་ཤིག་ལ་རྩོམ་པ་པོ་དེ་ཚོ་གཞན་དང་མ་འདྲ་བ་ཆགས་ཀྱི་ཡོད་རེད་”ཅེས་སོགས་གསུངས་སོང་།

ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱ་མཚན་གྱིས་རིག་གཞུང་རྒྱུན་གནས་ཡོང་ཐབས་སུ་རྩོམ་པ་པོའི་གལ་གནད་གྱི་སྐོར་ལ་གསུང་བཤད་གནང་སོང་ཞིང་། བརྗོད་གཞི་དངོས་ཀྱི་ཐོག་མ་འབབ་གོང་དེ་རིང་གི་ཉིན་མོའི་དུས་དྲན་དང་རྒྱ་གཞུང་གི་རྩ་བའི་སྒྲོམ་གཞི་གཉིས་འབྲེལ་ནས་གསུང་དོན་དུ་“ངས་ཞུ་རྒྱུ་དེ་རིག་གཞུང་འཕེལ་རྒྱས་ཡོང་བར་རྩོམ་པ་པོའི་རང་དབང་དེ་གལ་ཆེན་པོ་རེད་ཟེར་བ་དེ་རེད། དེ་མ་ཞུས་པའི་སྔོན་དུ་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་ཟེར་ང་ཚོས་འདི་འདྲ་ཞིག་སྲུང་བརྩི་བྱེད་དགོས་ཁེལ་གྱི་ཡོད་རེད། སྲུང་བརྩི་བྱས་ནས་རྒྱུན་རིང་པོ་རེད། ཕལ་ཆེར་ངས་དྲན་གསོ་བྱེད་དགོས་པ་ཡོད་མ་རེད། རྣམ་པ་ཚོའི་དགོངས་པར་གསལ་པོ་ཞིག་ཡོད་རེད། སྔོན་ལ་གསུང་བཤད་གནང་མཁན་གྱིས་ཀྱང་གསལ་པོ་ཞིག་བཀའ་གནང་སོང་། རྒྱ་ནག་གིས་འདི་འདྲ་བྱས་ནས་རང་དབང་ཡོད་ཚད་བཀག་སྡོམ་བྱེད་དགོས་པ་དེ་ག་རེ་བྱས་ནས་རེད་ཟེར་ནས་ང་ཚོས་དེ་འཚོལ་གྱི་ཡོད་རེད། རང་དབང་ཡོད་ཚད་བཀག་སྡོམ་བྱེད་དགོས་པ་དེ་གཞུང་དང་རྒྱལ་ཁབ་གཉིས་ངོ་བོ་གཅིག་བཟོས་པ་རེད། དེ་ཙམ་མ་ཡིན་པར་དེ་བཟོ་ས་དེ་ཚོགས་པ་བྱེ་བྲག་པ་གཅིག་གི་སྒང་ལ་རེད། ཚོགས་པ་བྱེ་བྲག་པ་གཅིག་གི་སྒང་ལ་གཞུང་དང་རྒྱལ་ཁབ་གཉིས་ངོ་བོ་གཅིག་བཟོས་པ་རེད། དེ་རྒྱ་ནག་གི་རྩ་བའི་སྒྲོམ་གཞི་དེ་རེད། དམར་ཤོག་ཚོགས་པ་ལ་བལྟ་ཡོང་བའི་སྐབས་སུ་ང་ཚོའི་སྐྱབས་གསུམ་ཀུན་འདུས་ཀྱི་བཟོ་ལྟ་འདྲ་པོ་ཞིག་ཆགས་བསྡད་ཡོད་རེད། དམར་ཤོག་ཚོགས་པ་ཁོ་རང་རྒྱལ་ཁབ་ཀྱང་ཡིན་པ། ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ལྡན་པ་སུ་རེད་ཟེར་ན་དམར་ཤོག་ཚོགས་པ་རེད། དེ་བཞིན་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གི་དབང་ལྡན་པ་སུ་རེད་ཟེར་དུས་ཀྱང་དམར་ཤོག་ཚོགས་པ་རེད། དེར་བརྟེན་ཚོགས་པ་གཅིག་དེ་ག་རང་གི་སྒང་ལ་འདི་འདྲ་ངོ་བོ་དབྱེར་མེད་བཟོས་པ་དེའི་ཆ་ནས་གཞི་རྩའི་སྒྲོམ་གཞི་ནོར་ས་དེ་དེ་ནས་ནོར་ཡོད་རེད། གཅིག་དེ་རེད། དེ་ཡིན་ན་ངོ་བོ་བཟོ་བྱེད་དེ་ག་རེ་ང་ཚོས་དེ་ཧ་གོ་དགོས་ཀྱི་ཡོད་རེད། དེ་རྩ་བའི་རྩ་དོན་བཞི་ཟེར་རྒྱུ་ཞིག་ཡོད་རེད། ང་ཚོ་ནང་པ་ཡིན་མིན་ཐད་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ཟེར་བ་ཞིག་ཡོད་རེད། དེ་བཞིན་རྒྱ་ནག་གི་ཁྲིམས་ལུགས་ཀྱི་སྒང་ལ་ཁྲིམས་ལུགས་ཤིག་ཡོད་རེད། དེ་ག་རེ་རེད་ཟེར་དུས་གཞུང་དང་། རྒྱལ་ཁབ། ཚོགས་པ་གསུམ་ངོ་བོ་དབྱེར་མེད་བཟོ་བྱེད་དེ་རེད། རྩ་བའི་རྩ་དོན་བཞི་ཟེར་བ་དེ་རྒྱ་ནག་གི་ཁྲིམས་ལུགས་ཀྱི་སྒང་གི་ཁྲིམས་ལུགས་ཤིག་རེད། ཁྲིམས་ལུགས་ཀྱི་སྒྲིག་གཞི་ཡོད་ཚད་དེ་རྩ་བའི་དོན་བཞིའི་སྒང་ལ་བསྐྲུན་ཡོང་གི་ཡོད་རེད། ཁྲིམས་ལུགས་ཀྱི་སྒྲིག་གཞི་ཡོད་ཚད་དེ་རྩ་བའི་རྩ་དོན་བཞིའི་ཐོག་ནས་ཐག་གཅོད་ཡོང་གི་ཡོད་རེད།”ཅེས་དང་རྒྱ་ནག་གི་རང་དབང་གི་ཚད་གཞི་ཚང་མ་རྩ་བའི་རྩ་དོན་བཞི་དང་མཐུན་པ་དགོས་སྐོར། རྩ་བའི་རྩ་དོན་གཞི་དེ་གཏོར་མ་ཐུབ་ན་རྒྱ་ནག་གི་ཁྲིམས་ལུགས་ཐོག་ལ་རང་དབང་གི་གནས་ཚད་དང་ལེའུ་ག་ཚོད་རག་ན་ཡང་སྟོང་པ་ཡིན་པ་དང་། དེ་གཏོར་ཐུབ་ན་གཞུང་དང་ཚོགས་པ། རྒྱལ་ཁབ་གསུམ་ངོ་བོ་ཐ་དད་ཆགས་ཀྱི་ཡོད་པ། རང་དབང་འགོག་བྱེད་ངོ་མ་དེ་རྩ་བའི་རྩ་དོན་བཞི་དེ་ཡིན་པ། དེ་ལས་བོད་དང་སོག་པོ་སོགས་ད་ལྟ་རྒྱ་ནག་གི་འོག་ལ་ཡོད་པའི་གྲངས་ཉུང་མི་རིགས་ཚང་མ་དང་། དེ་དག་གི་རྩོམ་པ་པོ་རྣམས་ལ་རང་དབང་ཐོབ་ཐུབ་ཀྱི་མེད་སྐོར། རིག་གནས་བསམ་བློ་འཕེལ་རྒྱས་གཏོང་བར་རྩོམ་པ་པོའི་བསམ་བློའི་གལ་གནད་སོགས་ཀྱི་སྐོར་ལ་གསུངས་སོང་།

དེའི་རྗེས་སུ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཁང་གི་ཚིག་མཛོད་རྩོམ་སྒྲིག་པ་མཁན་པོ་འཇུ་བསྟན་སྐྱོང་གིས་རྩོམ་འབྲིའི་རང་དབང་དང་དེའི་གལ་གནད་ཀྱི་སྐོར་གསུང་བཤད་གནང་སྐབས་སུ་“རྩོམ་པ་པོ་ཞིག་ལ་རང་དབང་དགོས་པ་དེ་ག་འདྲ་གལ་ཆེན་པོ་ཆགས་ཀྱི་ཡོད་རེད་ཟེར་ན། འགྲོ་བ་མིའི་རིགས་ལ་མཁས་པ་ཚོའི་རྣམ་དཔྱོད་ཀྱི་རྙེད་དོན་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། འགྲོ་བ་མིའི་རིགས་ཀྱི་ལམ་སྟོན་གྱི་སྒྲོན་མེ་འདྲ་པོ་དེ་མཁས་པ་དེ་ཚོའི་རྣམ་དཔྱོད་ཀྱིས་རྙེད་པའི་དོན་དག་དེ་ཆགས་ཀྱི་ཡོད་རེད། དེ་ལྟ་བུའི་རྙེད་དོན་དེ་ཕྱི་ལོགས་ལ་སྟོན་ཐུབ་དང་མ་ཐུབ་དེ་རྩོམ་པ་པོ་དེའི་རང་དབང་ལ་ཐུག་ཡོད་རེད། ཁོའི་རྣམ་དཔྱོད་ཀྱི་རྙེད་དོན་དེ་ཕྱི་ལོགས་ལ་སྟོན་རྒྱུའི་དབང་ཆ་ཡོད་ན་ང་ཚོ་འགྲོ་བ་མིའི་རིགས་ལ་མཁས་པའི་ཤེས་རབ་ཀྱི་ལམ་སྟོན་ཐོབ་ཀྱི་ཡོད་རེད། གལ་ཏེ་ཁོའི་རྣམ་དཔྱོད་དེ་ཕྱི་ལོགས་ལ་སྟོན་རྒྱུའི་དབང་ཆ་མེད་ན་མཁས་པ་སྐྱོ་བ་ཚོས་ང་ཚོར་རྫུན་མ་བཤད་ཀྱི་ཡོད་རེད། རྫུན་མ་བཤད་ཡོང་དུས་ང་ཚོ་མགོ་སྐོར་ཐེབས་ཀྱི་ཡོད་རེད། མགོ་སྐོར་ཐེབས་དུས་ཚང་མ་ལམ་ལོག་ལ་འགྲོ་ཡི་ཡོད་རེད། གཙོ་བོ་གཙོ་བོ་ལམ་ལོག་པར་འགྲོ་མ་འགྲོ་དེ་མཁས་པ་ལ་རང་དབང་ཡོད་དང་མེད་ཟེར་བ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་རེད་བསམ་གྱི་འདུག དེ་ཡིན་གཅིག་མིན་གཉིས་ཆབ་སྲིད་ཀྱི་བཀག་སྡོམ་གཅིག་པུ་རྩ་བ་ནས་མ་རེད་བསམ་གྱི་འདུག མཁས་པར་རང་དབང་ཐོབ་དང་མ་ཐོབ་ཟེར་བ་དེར་ཆ་རྐྱེན་ཧ་ཅང་མང་པོ་འདུག མཁས་པ་སོ་སོ་རང་ཉིད་ཀྱིས་ཀྱང་རང་ཉིད་ལ་རང་དབང་སྤྲད་དགོས་ཀྱི་འདུག་བསམ་གྱི་འདུག མཁས་པ་ཁ་ཤས་ཀྱིས་སོ་སོས་སོ་སོར་རང་དབང་སྤྲད་ཀྱི་མེད་པ་དེ་འདྲ་ངས་ཚོར་གྱི་འདུག ཁོ་རང་གིས་ཁོ་རང་ལ་རང་དབང་མ་སྤྲད་པར་ཁོ་རང་གི་བསམ་པ་དེ་མ་བཤད་ནས་མ་བསམ་པ་ཞིག་བཤད་མཁན་གྱི་མཁས་པ་དེ་འདྲ་ཡང་ང་རང་གི་ཚོར་སྣང་ལ་ཡོད་པར་བསམ་གྱི་འདུག གཅིག་བྱས་ན་ངའི་ཚོར་སྣང་དེ་ཕྱིན་ཅི་ལོག་པ་ཡིན་སྲིད་ཀྱི་རེད། ཆབ་སྲིད་ཀྱི་བཀག་སྡོམ་བྱས་ནས་དཀའ་ངལ་ཡོད་པ་དེ་ཡོངས་ལ་གྲགས་པ་ཞིག་རེད། འཛམ་བུ་གླིང་ལ་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི་བྱེད་དགོས་ཐུག་པ་དེ་གཙོ་ཆེ་བ་ཆབ་སྲིད་དབང་འཛིན་པ་དང་། ལོག་སྤྱོད་མི་སྣ་དེ་ཚོས་སོ་སོའི་བསམ་དོན་འགྲུབ་ཆེད་དུ་མཁས་པའི་རྣམ་དཔྱོད་དེ་ཆེད་དུ་བཀག་པ་ཞིག་རེད། དེའི་ལམ་ཁ་དེ་ལ་བརྟེན་ནས་དེ་རིང་གི་ཉིན་མོ་འདི་སྲུང་བརྩི་བྱེད་དགོས་ཁེལ་བ་རེད། དེ་འདྲ་མ་ཡིན་པར་གཞན་མཁས་པའི་ནང་ལ་ཡང་རིགས་མང་པོ་འདུག མཁས་པའི་ནང་ལ་ལ་རྒྱ་ཡོད་མཁན་གྱི་མཁས་པ་དང་། ལ་རྒྱ་མེད་མཁན་གྱི་མཁས་པ། ཁེ་ཕན་གཉེར་མཁན་གྱི་མཁས་པ། བདེན་པ་གཉེར་མཁན་གྱི་མཁས་པ། མཁས་པའི་ནང་ལ་དེ་འདྲའི་རིགས་དཔེ་མང་པོ་ཡོད་རེད་བསམ་གྱི་འདུག དེ་ཚོ་ང་ཚོའི་སྤྱི་ཚོགས་ནང་ནས་དབྱེ་བ་ཕྱེ་ཤེས་དགོས་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག”ཅེས་སོགས་རྩོམ་འབྲིའི་རང་དབང་གལ་ཆེ་སྐོར་དང་། རྩོམ་པ་པོར་རིགས་འདྲ་མིན་སྣ་ཚོགས་ཡོད་སྐོར་སོགས་ཞིབ་རྒྱས་གསུངས་སོང་།

པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན་སྨན་ཤེར་བློ་གྲོས་ཀྱིས་‘བཀག་སྡོམ་དང་དབྱེ་འབྱེད་འོག་གི་བོད་ཀྱི་རྩོམ་རིག་’ཅེས་པའི་ཞིབ་འཇུག་གི་སྙན་ཐོ་ངོ་སྤྲོད་གནང་དོན་དོན་དུ་“དེ་རིང་གི་མཛད་རིམ་ནང་ལོགས་ཀྱི་ལས་གཞི་གལ་ཆེ་བ་གཅིག་དེ་ང་ཚོས་བཙོན་འོག་གི་རྩོམ་པ་པོའི་བརྩམས་ཆོས་གཙོ་བོར་གྱུར་པའི་ལོ་༦༠ ལ་ཉེ་བའི་ནང་གི་བོད་ཀྱི་རྩོམ་རིག་གི་གནས་བབ་སྤྱི་ག་འདྲ་རེད། བོད་ཀྱི་རྩོམ་པ་པོ་ཚོའི་གནས་བབ་ག་འདྲ་རེད། རྩོམ་པ་པོ་ཚོའི་བརྩམས་ཆོས་ཀྱི་གནས་བབ་ག་འདྲ་ཆགས་ཡོད་རེད་ཅེས་རིམ་པ་གསུམ་གྱི་སྒང་ནས་ལོ་༦༠ ལ་ཉེ་བའི་བོད་ཀྱི་རྩོམ་རིག་གི་གནས་སྟངས་ཡོངས་ཁྱབ་ལ་ང་ཚོས་ཞིབ་འཇུག་བྱས་པ་དེ་འདྲ་ཞིག་ཆགས་ཀྱི་ཡོད། དཔེ་མཚོན་གྱི་ཆ་ནས་ཁྱབ་ཁོངས་ཧ་ལས་པའི་ཆེན་པོ་ཡིན། རྒྱ་ནག་གི་བཀག་སྡོམ་དང་དབྱེ་འབྱེད། རྩོམ་འབྲི་རང་དབང་ཐོག་གི་གནོན་ཤུགས་དེ་རྩོམ་པ་པོ་བྱེ་བྲག་གཅིག་གཉིས་དང་། བརྩམས་ཆོས་བྱེ་བྲག་པ་གཅིག་གཉིས། ཡང་ན་དུས་རབས་གཅིག་གི་ཕྱེད་ཀའི་ནང་གི་ལོ་བཅུ་བཅོ་ལྔ་ལྟ་བུའི་གནས་སྟངས་མ་ཡིན་པར། ཡོངས་ཁྱབ་ཀྱི་རྩོམ་པ་པོ་ཆ་ཚང་དང་། བརྩམས་ཆོས་ཆ་ཚང་། བོད་ཀྱི་རྩོམ་རིག་ཧྲིལ་པོར་དུས་རབས་ཕྱེད་ཀ་བརྒལ་བ་ཞིག་གི་ནང་ལ་བཀག་སྡོམ་བྱས་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད་རེད། ང་ཚོའི་ཞིབ་འཇུག་གི་ཁ་གཏད་ས་དེ་ཡང་གཙོ་བོ་དེ་ཆགས་ཀྱི་ཡོད་རེད་”ཅེས་སོགས་གསུངས་ནས་བཀག་སྡོམ་དང་དབྱེ་འབྱེད་འོག་གི་བོད་ཀྱི་རྩོམ་རིག་ཅེས་པའི་ཞིབ་འཇུག་སྙན་ཐོའི་སྐོར་ངོ་སྤྲོད་ཞིབ་རྒྱས་གནང་སོང་།

མཇུག་ཏུ་ཁོང་གིས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གྲུབ་མཚམས་མཛད་སྒོ་གྲོལ་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༧༦༡ ཀློག་གྲངས།