སྐབས་དང་པོའི་བཀའ་བློན་འོས་འདེམས།

ཕྱིན་ཉིན་མི་ཚོགས་ཀྱི་ནང་དུ་།།།

གལ་ཆེན་གནས་ཚུལ་དེ་མྱུལ་མོད།།

དགའ་འོས་གཏམ་བཟང་ཞིག་ཤོད་མཁན།།

སུ་ཡང་མཐོང་ཡུལ་དུ་མ་གྱུར།།

དུས་ཞག་ཉིན་འགའ་ཡི་རྗེས་སུ།།

སླར་ཡང་མི་ཚོགས་སུ་འཚོལ་སྐབས།།

གཟུར་གནས་ཤེས་ལྡན་གྱི་མི་འགས།།

ཉན་སྤྲོའི་གཏམ་བཟང་ཞིག་བཤད་སོང་།།

རྡ་ས་བོད་གཞུང་གིས་མངགས་པའི།།

འོས་བསྡུའི་འབྲེལ་ཡོད་ཀྱི་མི་སྣས།།

འབྲས་སྤུངས་ཚོགས་ཆེན་གྱི་ནང་དུ།།

འོས་བསྡུ་གསལ་བསྒྲགས་དེ་བྱས་སོང་།།

སྔོན་འགྲོའི་འོས་གཞི་དེ་སྡུད་སྐབས།།

བོད་ཀྱི་ཁེ་ཕམ་ལ་གཞུགས་ཏེ།།

འོས་ཆོས་ཚང་མཁན་གྱི་མི་ཞིག།

འོས་ཤོག་རི་མོ་རུ་བཀོད་ཡོད།།

འོས་གཞི་མ་བསྡུས་ཀྱི་གོང་ལ།།

ཉམས་ཞིབ་ཅུང་ཙམ་རེ་བྱས་ཀྱང་།།

མི་རེས་གཏམ་སྣ་རེ་བཤད་དེ།།

ཆ་འཇོག་བྱེད་ས་ཞིག་མ་རག།

བོད་མི་མང་ཚོགས་ཀྱིས་ནང་དུ།།

འོས་བསྡུའི་ཉམས་མྱོང་དེ་ཞན་པས།།

རྒྱལ་ཁབ་གཞན་དག་དང་འདྲ་བའི།།

ཚད་ལྡན་འོས་ཐོན་ཞིག་ཨེ་ཡོང་།།

ཆགས་སྡང་ཕྱོགས་རིས་ཀྱི་དབང་གིས།།

བོད་གཞུང་བསྟན་སྲིད་ཀྱི་སྤྱི་དགྲ།།

རྒྱལ་བའི་བཀའ་བློན་གྱི་ཁྲི་ལ།།

མི་ཐོན་ངེས་པ་དེ་མི་འདུག།

ཆོལ་གསུམ་བོད་རིགས་ཀྱི་སྤྱི་ཚོགས།།

སིལ་བུར་གཏོར་མཁན་གྱི་མི་ཞིག།།

སྲིད་བློན་ཁྲི་འཕང་ལ་འགྱིངས་ན།།

ཞི་བདེའི་གཞི་རྩ་རུ་འགྱུར་རམ།།

རྒྱལ་བའི་བཞེད་དོན་གྱི་མཐར་ཐུག།

བཀའ་བློན་འདེམས་བསྐོ་ཡི་དབང་ཚད།།

དམངས་གཙོ་ཚད་ལྡན་གྱི་སྲོལ་ལྟར།།

གཅེས་པའི་མི་མང་ལ་གནང་སོང་།།

བོད་མིའི་ཁེ་ཕམ་དང་འབྲེལ་བའི།།

འདེམས་བསྐོ་ཚད་ལྡན་དེ་མེད་ཚེ།།

ཤོ་ཏོའི་རྩམ་འགམ་གྱི་དཔེ་དེ།།

རང་རེའི་གཞུང་དམངས་ཐོག་འབབ་ངེས།།

རྩ་དོན་གཞི་རྩ་རུ་བཟུང་ཞིང་།།

རྒྱལ་བའི་ཐུགས་དགོངས་བཞིན་སྒྲུབ་པའི།།

མི་བཟང་གོ་ཆོད་ཅིག་བདམས་ཚེ།།

ཆོལ་ཁ་གང་འགྱུར་ཡང་རུང་ངོ།།

བསལ་གདམ་ཅི་ཙམ་ཡང་ཆོག་གི།།

ཆགས་སྡང་ཕྱོགས་རིས་ཀྱིས་བསླད་ན།།

འོས་བསྡུའི་ལས་ཁུངས་ཀྱི་སྒོ་དེ།།

གཏན་དུ་བརྒྱབ་རོགས་ཤིག་གནང་དང་།།

སྤྱི་ཟླ་ལྔ་པ་ཡི་ཚེས་གྲངས།།

སུམ་ཅུ་སོ་གཅིག་གི་དུས་བབ།།

ཉིན་བཅུའི་གསར་ཤོག་གི་སྟེང་དུ།།

སྔོན་འགྲོའི་མཇུག་འབྲས་དེ་བསྒྲགས་འདུག།

ཉེ་རབས་ལོ་རྒྱུས་ཀྱི་ཐོག་ལ།།

བྱས་རྗེས་ལྷག་པར་དུ་ཆེ་བའི།།

འོས་ཐོབ་ཨང་རིམ་གྱི་མཚན་ཐོ།།

ཁོང་ཚོ་མི་དྲུག་ལ་ཐོབ་འདུག།

དྲག་འདེམས་མི་དྲུག་གི་ནང་ནས།།

དབྱེ་གསེས་ཅི་ཙམ་ཞིག་བྱས་ཀྱང་།།

ཟམ་གདོང་བླ་མ་ལ་ཡིད་ཆེས།།

བོད་མི་ཕལ་ཆེར་གྱིས་བྱེད་ངེས།།

ཀླད་ཆུང་བསམ་བློ་ཡི་འཁོར་ཕྱོགས།།

རྣམ་རྟོག་གྱ་གྱུ་རུ་སྤྲོས་ཏེ།།

ཆོས་རྭས་ཆོས་ཕྱོགས་ཀྱི་སློབ་ལས།།

རེ་ཞིག་འཐུ་ཤོར་དུ་འགྲོ་སོང་།།

ལོ་འཁོར་རྒྱུགས་སྤྲོད་ཀྱི་དུས་ལ།།

ཟླ་གཅིག་དུས་ཡུན་ལས་མེད་ཀྱང་།།

རྒྱ་ཁབ་ལར་ཞེན་དེ་ཆེ་བས།།

མྱོང་ཚོར་ཞར་ཞོར་དུ་འབྲི་ཐལ།།

གཟུར་གནས་དཔྱོད་ལྡན་གྱི་བུ་ལ།།

དྲང་གཏམ་ཚིག་གསུམ་གྱི་མཛེས་མ།།

སྙན་འགྱུར་གླུ་དབྱངས་ཀྱིས་བསུས་ཏེ།།

ཁྱེད་ལ་བག་མ་རུ་སྦྱིན་ནོ།།

རྒྱ་གར་ལྷོ་ཕྱོགས་དཔལ་རི་དང་ཉེ་སར་རྩོམ་པ་པོ་རྟའུ་ཆོས་མཛད་ཀྱིས།སྤྱི་ལོ༢༠༠༡ཟླ་༠༦ཚེས་༣༡ཉིན་བཀའ་བློན་སྐབས་༡པོའི་འོས་བསྡུའི་སྐབས་ཉིན་ཐོར་བཀོད་པ་འདི་ཉིད།དྲ་རྒྱར་འགོད་བཤུ་བྱས་ན་དྲ་གྲོགས་ཚོའི་མིག་གི་དགའ་སྟོན་དང་རྣ་བའི་བུ་རམ་དུ་འགྱུར་བའི་རེ་བ་བཅས་དབྱིན་གཞུང་སྐབས་ཀྱི་དབྱར་ཁའི་རྒྱལ་ས་སིམ་ལ་ཀླུ་ཡི་ཕོ་བྲང་ནས་བསྲིངས་སོ།།

 

 

Share this:
༥༤ ཀློག་གྲངས།