རུང་གྷེ་ཡ་སྐྱབས་བཅོལ་བ་ཕྱིར་སློག་གི་ལས་དོན་ལམ་ལྷོངས་བྱུང་མི་འདུག

འབར་མ་ནས་དམར་གསོད་དང་བཙན་གཡེམ་སོགས་ཀྱི་དྲག་སྤྱོད་ལས་ཐར་ཆེད་དུ། ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་ཌེ་ཤེར་བྲོས་བྱོལ་དུ་སོང་བའི་རུང་གྷེ་ཡ་ཁ་ཆེ་སྐྱབས་བཅོལ་བ་རྣམས། ཕྱིར་ལོག་འགྲོ་འདོད་བྱེད་མཁན་གཅིག་ཀྱང་མ་བྱུང་བས། ད་ལྟའི་ཆར་ལས་དོན་དེ་ལམ་ལྷོངས་མ་བྱུང་ནས་གནས་སྐབས་མཚམས་འཇོག་བྱས་འདུག་ཀྱང་། འབྲེལ་ཡོད་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་ནས་འབད་བརྩོན་བྱེད་རྒྱུ་ཡིན་འདུག

ཟླ་༡༡ པའི་ཚེས་༡༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡༠ པའི་ནང་འབར་མ་དང་བྷང་ལ་ཌེ་ཤིའི་སྲིད་གཞུང་གཉིས་བར་གྲོས་མཐུན་བྱུང་བ་ལྟར། ཟླ་༡༡ པའི་ཚེས་༡༥ ཉིན་ནས་བྷང་ལ་ཌེ་ཤེར་བྲོས་བྱོལ་དུ་ཡོང་བའི་རུང་གྷེ་ཡ་སྐྱབས་བཅོལ་བ་རྣམས་འབར་མར་ཕྱིར་སློག་གི་ལས་དོན་འགོ་འཛུགས་བྱེད་རྒྱུ་ཡིན་འདུག་པ་དང་། ཐོག་མར་ཁྱིམ་ཚང་༤༨༥ ཡི་མི་གྲངས་༢༢༦༠ ཞིག་ཕྱིར་སློག་གཏོང་རྒྱུ་འགོ་འཛུགས་བྱས་ནས། ཉིན་རེར་མི་གྲངས་༡༥༠ རེ་ཕྱིར་སློག་གཏོང་འཆར་བྱས་འདུག་ཀྱང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་སོགས་ཀྱིས་ལས་དོན་དེར་དགག་བྱ་ཆེན་པོ་བྱས་པའི་ཐོག ཕྱིར་སློག་བྱེད་རྒྱུ་གཏན་འཁེལ་བའི་ཐོ་གྲངས་ནང་ཡོད་པའི་སྐྱབས་བཅོལ་བ་མང་པོ་ཞིག་ཤིང་ནགས་དང་སྐྱབས་བཅོལ་བའི་གཞིས་སྒར་གཞན་དུ་བྲོས་བྱོལ་དུ་ཕྱིན་ཡོད་པ་མ་ཟད། ཁག་ཅིག་ཕྱིར་སློག་གི་ལས་དོན་དེར་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་བྱས་ཏེ། དང་བླངས་ཐོག་ནས་ཕྱིར་ལོག་འགྲོ་མཁན་གཅིག་ཀྱང་མ་བྱུང་བས། གནས་སྐབས་རིང་ལས་དོན་དེ་མཚམས་འཇོག་བྱེད་དགོས་འཁེལ་འདུག

བྷང་ལ་ཌེ་ཤིའི་སྐྱབས་བཅོལ་བའི་ལས་དོན་འགན་འཛིན་གྱིས། ད་ལྟའི་ཆར་སྐྱབས་བཅོལ་བ་རྣམས་ཕྱིར་ལོག་རྒྱུའི་འདོད་པ་མི་འདུག་པས། འབྲེལ་ཡོད་ལས་བྱེད་ཚོས་སུ་གང་ལ་བཙན་སྐུལ་བྱེད་མི་ཆོག་པ་ཡིན་ཡང་། མུ་མཐུད་ནས་ཁོ་ཚོ་ཕྱིར་ལོག་བྱེད་ཆེད་དུ་སེམས་ཤུགས་སྤོར་ཐབས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཕྱིར་སློག་གི་ལས་དོན་ཆེད་གཏན་འཁེལ་བྱས་པའི་ཉིན་དེར། སྐྱབས་བཅོལ་བ་རྣམས་སྡོད་ཡུལ་གྱི་གཞིས་སྒར་དུ། བྷང་ལ་ཌེ་ཤིའི་དམག་མི་སྒྲིག་འཇོག་བྱས་ཡོད་འདུག

བདུན་ཕྲག་འདིའི་ནང་མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་མཱི་ཤེལ་བྷ་ཆེལ་ཊིས། བྷང་ལ་ཌེ་ཤིར་ཡོད་པའི་རུང་གྷེ་ཡ་སྐྱབས་བཅོལ་བ་རྣམས་འདོད་པ་མེད་བཞིན་དུ། འབར་མར་ཕྱིར་སློག་བྱེད་པའི་ཉེན་ཁ་ལ་ཞེད་སྣང་ཆེན་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་མཐོང་ཐོས་བྱུང་ཡོད་པས། སྐྱབས་བཅོལ་བ་རྣམས་བྲོས་བྱོལ་ཡོང་ཁུངས་ཀྱི་རྒྱལ་ཁབ་ཏུ་ཚེ་སྲོག་དང་དྲག་རྡུང་གི་ཉེན་ཁ་ཡོད་བཞིན་དུ་བཙན་དབང་ཐོག་ནས་ཕྱིར་སློག་གཏོང་བ་ནི། རྒྱལ་སྤྱིའི་ཁྲིམས་དང་འགལ་བ་ཡིན་སྐོར་བརྗོད་ནས། བྷང་ལ་ཌེ་ཤིའི་སྲིད་གཞུང་ལ་ལས་དོན་དེ་མཚམས་འཇོག་བྱེད་པའི་རེ་སྐུལ་བྱས་འདུག

རུང་གྷེ་ཡ་ཁ་ཆེ་མི་རིགས་འབུམ་བདུན་ལས་མང་བ་ཞིག ལོ་སྔོན་མར་འབར་མའི་དམག་མིའི་དྲག་སྤྱོད་དང་བཙན་གཡེམ། དམར་གསོད་སོགས་ལས་ཐར་ཆེད་དུ་བྷང་ལ་ཌེ་ཤིར་བྲོས་བྱོལ་སོང་ཡོད་པ་དང་། རྒྱལ་སྤྱིའི་ཁྱོན་ཡོངས་ནས་གནད་དོན་དེའི་ཐད་སྐྱོན་བརྗོད་དྲག་པོ་བྱས་ཀྱང་། འབར་མའི་གཞུང་གིས་དམག་མིས་རུང་གྷེ་ཡ་གྱེན་ལངས་རུ་ཁག་ལ་དྲག་རྒོལ་བྱས་པ་ཡིན་ཚུལ་བརྗོད་པ་ལས། སྐྱོན་བརྗོད་ཁག་ལ་ཁས་ལེན་གཙང་མ་བྱས་མེད་པ་རེད། ད་ལྟའི་ཆར་སྐྱབས་བཅོལ་བ་རྣམས་ཀྱི་ཁྲོད་དུ་འབར་མར་ཕྱིར་ལོག་བྱེད་པ་ལས། རང་སྲོག་བཅད་ན་དགའ་བ་ཡོད་སྐོར་བརྗོད་མཁན་མང་པོ་ཡོད་འདུག་པ་དང་། ཟླ་བ་སྔོན་མར་སྐྱབས་བཅོལ་བ་ཁག་ཅིག་གིས། འབར་མའི་འགོ་ཁྲིད་ལྕམ་ཨང་སན་སུ་ཅི་ལ། ཡོངས་གྲགས་ཀྱི་འཕྲིན་ཡིག་གཅིག་བཏང་ནས། དགོས་འདུན་དོན་ཚན་༡༠ བཏོན་འདུག་པ་དང་། དོན་ཚན་དེ་དག་ནང་གི་ཆ་རྐྱེན་ཚང་མ་བསྒྲུབས་ཚེ་ཕྱིར་ལོག་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

རུང་གྷེ་ཡར་དྲག་གནོན་གྱི་གནད་དོན་ལ། ལྕམ་ཨང་སང་སུ་ཅི་ཡིས་འགན་ཁུར་བྱེད་ཀྱི་མེད་པའི་སྐྱོན་བརྗོད་འོག རྒྱལ་སྤྱིའི་རྒྱལ་ཁབ་དང་ཚོགས་སྡེ་ཁག་ཅིག་གིས། དེ་སྔོན་ཁོང་ལ་སྤྲད་པའི་གཟེངས་རྟགས་ཁག་ཅིག་ཕྱིར་བསྡུ་བྱས་ཡོད་པ་རེད།

རུང་གྷེ་ཡ་མི་རིགས་དེ་འབར་མའི་གཞུང་གི་ངོས་འཛིན་ཡོད་པའི་རྒྱལ་ཁབ་དེའི་མི་རིགས་༡༣༥ ཡི་ནང་དུ་ཚུད་ཀྱི་མེད་ཁར། ཕྱི་ལོ་༡༩༨༢ ལོ་ནས་ཁོ་ཚོར་མི་སེར་ལག་ཁྱེར་སྤྲོད་རྒྱུ་བཀག་འགོག་བྱས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༠༥༦ ཀློག་གྲངས།