གསར་ཁང་ཞིག་གིས་ཊོམ་སྲིད་གཞུང་ལ་ཁྲིམས་གཏུག་བྱས་ཏེ་རྒྱལ་ཁ་ཐོབ་པ།

ཊོམ་སྲིད་གཞུང་གིས་ཨ་རིའི་གསར་ཁང་ཆེ་གྲས་སི་ཨན་ཨན་གྱི་གསར་འགོད་པར། ཨ་རིའི་ཕོ་བྲང་དཀར་པོའི་ནང་དུ་གསར་འགྱུར་བསྡུ་ལེན་བྱེད་པའི་ལག་ཁྱེར་ཕྱིར་བསྡུ་བྱས་པས། གསར་ཁང་དེས་ཁྲིམས་གཏུག་བྱས་ཏེ་རྒྱལ་ཁ་ཐོབ་ཡོད་འདུག་པ་དང་། ཊོམ་གྱིས་ཨ་རིའི་ཕོ་བྲང་དཀར་པོའི་ནང་གསར་འགྱུར་བསྡུ་ལེན་བྱེད་མཁན་གསར་འགོད་པ་ཚོས་བཟང་སྤྱོད་དང་ལྡན་པའི་ལས་དོན་བྱེད་ཆེད་དུ་ཁྲིམས་སྒྲིག་བཟོ་རྒྱུ་ཡིན་སྐོར་བསྒྲགས་འདུག

ཟླ་༡༡ པའི་ཚེས་༡༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡༡ པའི་ཚེས་༨ ཉིན་ཨ་རིའི་ཕོ་བྲང་དཀར་པོར་སྲིད་འཛིན་ཊོམ་གྱིས་གསར་འགོད་ལྷན་ཚོགས་ཤིག་ལ་ལན་འདེབས་བྱེད་བཞིན་པའི་སྐབས། སི་ཨན་ཨན་གསར་ཁང་གི་གསར་འགོད་པ་ཇིམ་ཁཱོ་སེ་ཀྲ་དང་ཁ་རྩོད་ཤོར་ཡོད་པ་དང་། དེ་ཡང་གསར་འགོད་པ་དེས་སྲིད་འཛིན་ཊོམ་ལ་དྲི་བ་བསྟུད་མར་དྲིས་པར་ཊོམ་གྱིས་ལན་འདེབས་མ་བྱས་པར། གསར་འགོད་པ་སྒེར་ལ་སྐྱོན་བརྗོད་བྱས་པའི་གནད་དོན་ལྷག་ཡོད་པ་རེད། རྗེས་སུ་གསང་བའི་ལས་ཁང་གིས་གསར་འགོད་པ་དེའི་ཕོ་བྲང་དཀར་པོའི་ནང་གསར་འགྱུར་བསྡུ་ལེན་བྱེད་པའི་ལག་ཁྱེར་ཕྱིར་བསྡུ་བྱས་པའི་གནད་དོན་ལྷག་ནས། ཨ་རིའི་རྒྱལ་ཡོངས་ཀྱི་གསར་ཁང་མང་པོ་ཞིག་གིས། བྱེད་སྟངས་དེས་གསར་འགོད་རང་དབང་དང་གསར་འགོད་པ་ཚོར་སྡིགས་བསྐུལ་བྱས་པར་ངོས་འཛིན་བྱས་ཡོད་པ་དང་།་གསར་ཁང་དེས་ཊོམ་སྲིད་གཞུང་ཁྲིམས་གཏུག་བྱས་ཡོད་པ་རེད།

ཟླ་༡༡ པའི་ཚེས་༡༦ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་གྱི་ཁྲིམས་ཁང་ཞིག་གི་ཁྲིམས་དཔོན་གྱིས། ཨ་རིའི་ཕོ་བྲང་དཀར་པོས་གསར་འགོད་པ་དེའི་གསར་འགྱུར་བསྡུ་ལེན་ཆོག་པའི་ལག་ཁྱེར་ཕྱིར་སློག་བྱེད་དགོས་པའི་བཀའ་བཏང་ནས། འཛིན་སྐྱོང་གིས་གསར་འགོད་པ་དེའི་ཐོབ་ཐང་ཕྱིར་བསྡུ་བྱེད་དགོས་པའི་རྒྱུ་མཚན་རྣམས་ཡང་དག་མིན་སྐོར་བརྗོད་འདུག

ཁྲིམས་ཁང་གི་ཐག་གཅོད་དེར་སྲིད་འཛིན་ཊོམ་གྱིས་གནད་འགག་ཆེན་པོར་མ་བརྩིས་པར། ཕོ་བྲང་དཀར་པོའི་ནང་གསར་འགོད་པ་ཚོས་བཟང་སྤྱོད་ཐོག་ནས་ལས་དོན་བྱེད་དགོས་པ་དང་། ད་ལྟའི་ཆར་གསར་འགོད་པ་ཚོས་ཕོ་བྲང་དཀར་པོའི་ནང་བརྩི་སྲུང་བྱེད་དགོས་པའི་ཁྲིམས་སྒྲིག་བཟོ་བཞིན་ཡོད་པས། གལ་ཏེ་ཁོ་ཚོས་དེ་དག་དང་ལེན་མ་བྱས་ཚེ། ཁྲིམས་ཁང་དུ་བསྐྱར་དུ་འགྲོ་དགོས་འཁེལ་རྒྱུ་ཡིན་ཁར། སྐབས་དེར་འཛིན་སྐྱོང་ལ་རྒྱལ་ཁ་ཐོབ་རྒྱུ་ཡིན་པ། དེ་ལས་གལ་ཆེ་བ་ཞིག་ལ། གལ་ཏེ་གསར་འགོད་པ་ཚོས་ཁྲིམས་སྒྲིག་དེ་ཚོ་བརྩི་བསྲུང་མ་བྱས་ཚེ། འཛིན་སྐྱོང་གིས་གསར་འགོད་ལྷན་ཚོགས་ཀྱི་དཀྱིལ་ནས་ཕྱིར་ཐོན་རྒྱུ་ཡིན་སྐོར་བརྗོད་ནས། གསར་འགོད་པ་ཞིག་གིས་དྲི་བ་གསུམ་བཞི་དྲིས་ནས། མར་མི་འདུག་པར་མུ་མཐུད་ནས་ཡར་ལངས་བ་ལྟ་བུ་བྱེད་མི་ཆོག་པ་དང་། བཟང་སྤྱོད་སྦྱོང་བརྡར་བྱེད་དགོས་ཚུལ་བརྗོད་འདུག

ཁྲིམས་གཏུག་དེ་མུ་མཐུད་ནས་རིམ་པ་གཞན་ལ་འགྲོ་མིན་ངེས་གཏན་མི་འདུག་ཀྱང་། སི་ཨན་ཨན་གྱིས་ཐེངས་འདིའི་ཐག་གཅོད་དེར་དགའ་བསུ་ཡོད་པ་དང་། སི་ཨན་ཨན་ཙམ་མིན་པར་ཨ་རིའི་ནང་རང་དབང་དང་ནུས་པ་ལྡན་པའི་གསར་འགོད་ལས་དོན་ཡོང་བར་རྒྱབ་སྐྱོར་བྱེད་མཁན་ཚང་མར་ཐུགས་རྗེ་ཞུས་འདུག

ཨ་རིའི་སྤྱི་དམངས་རང་དབང་ལྷན་ཚོགས་ཀྱི་གནད་ཡོད་མི་སྣ་བྷེན་ཝིཛ་ནེར་གྱིས། ཨ་རིའི་ཕོ་བྲང་དཀར་པོས་གསར་འགོད་པ་ཞིག་གི་ལག་ཁྱེར་ཕྱིར་བསྡུ་བྱས་ན། གསར་འགོད་པ་གཞན་ཚོས་འཛིན་སྐྱོང་ལ་དྲི་བ་ནན་པོ་འདྲི་བར་བཀག་འགོག་བྱེད་ཐུབ་ཀྱི་རེད་བསམ་ཡོད་པ་ངེས་གཏན་རེད་དེ། ཁྲིམས་ཁང་གི་ཐག་གཅོད་ཀྱིས་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་ཡོད་པ། གསར་འགོད་རང་དབང་ནི་ཨ་རིའི་རིན་ཐང་གི་ལྟ་བའི་རྨང་གཞི་ཡིན་པ་དང་། གསར་འགོད་པ་ཚོས་འཛིན་སྐྱོང་དང་འགོ་ཁྲིད་ལ་ཁ་གཏད་བཅག་དུས་མང་གཙོའི་ནུས་པ་གོང་འཕེལ་དང་སྲ་བརྟན་ཆགས་ཀྱི་ཡོད་སྐོར་བརྗོད་འདུག

ཊོམ་སྲིད་གཞུང་དང་ཨ་རིའི་ནང་གི་རང་དབང་ཅན་གྱི་གསར་ཁང་མང་ཆེ་བའི་བར་ལ་འབྲེལ་བ་ཡག་པོ་མེད་ཁར། ཊོམ་གྱིས་ཨ་རིའི་ནང་གི་གསར་ཁང་ཁག་མང་པོ་ཞིག་གི་གནས་ཚུལ་རྫུན་མ་འདོན་གྱི་ཡོད་པའི་གཞི་མེད་ཀྱི་སྐྱོན་བརྗོད་མང་པོ་བྱེད་བཞིན་པ་དང་། བརྒྱུད་ལམ་དེ་དག་ནི་མི་མང་གི་དགྲ་བོ་ཡིན་སྐོར་བརྗོད་ཀྱི་ཡོད་པས། དེ་སྔོན་ཨ་རིའི་ནང་གི་གསར་ཁང་༣༠༠ ལས་མང་བ་དང་དབྱིན་ཡུལ་གྱི་གསར་ཁང་ཆེ་གྲས་གྷར་ཌེན་སོགས་ཀྱིས། ཊོམ་གྱི་གསར་འགོད་རང་དབང་ལ་སྙད་འདོགས་ཀྱི་བྱེད་སྟངས་ལ་ཁ་གཏད་བཅག་ནས། རྩོམ་སྒྲིག་པའི་གཏམ་དུ་ཊོམ་ལ་སྐྱོན་བརྗོད་དང་གསར་འགོད་རང་དབང་གི་གལ་ཆེའི་རང་བཞིན་སྐོར་བྲིས་ཡོད་པ་རེད།

ཨ་རིའི་སྲིད་འཛིན་ཊོམ་གྱིས་གསར་ཁང་ཁག་གི་གནས་ཚུལ་རྣམས་རྫུན་ཡིན་པ་དང་། གསར་འགོད་པ་རྣམས་ནི་མི་མང་གི་དགྲ་བོ་ཡིན་སྐོར་གྱི་སྐྱོན་བརྗོད་བསྟུད་མར་བྱས་ཡོད་པས། མཉམ་འབྲེལ་རྒྱལ་ཁབ་ཀྱི་ཆེད་ལས་པ་ཁག་ཅིག་གིས། སྲིད་འཛིན་ཞིག་གི་བྱེད་སྟངས་དེས་གསར་འགོད་པ་རྣམས་ལ་དྲག་རྒོལ་གྱི་གནད་དོན་བྱུང་བའི་ཉེན་ཁ་ཆེ་རུ་གཏོང་གི་ཡོད་སྐོར་བརྗོད་འདུག

གསར་འགོད་ལྷན་ཚོགས་སྐབས་སུ་སྲིད་འཛིན་ཊོམ་གྱིས། རྒྱུན་དུ་ཊོམ་སྲིད་གཞུང་ལ་ཁ་གཏད་ཀྱི་གནས་ཚུལ་བཏོན་མཁན་གྱི་གསར་ཁང་གི་གསར་འགོད་པ་ཚོར་དྲི་བ་འདྲི་པའི་གོ་སྐབས་མི་སྤྲོད་པ་དང་། རང་ལ་རྒྱབ་སྐྱོར་གྱི་གནས་ཚུལ་བཏོན་མཁན་ཧྥོག་སེ་གསར་ཁང་ལྟ་བུར་གོ་སྐབས་སྤྲད་པ་སོགས། མངོན་གསལ་དོད་པོས་གསར་ཁང་དབར་ལ་དབྱེ་འབྱེད་དང་འཁོན་འཛིན་གསལ་པོའི་རྣམ་འགྱུར་ཐེངས་མང་སྟོན་བཞིན་ཡོད་པ་རེད་ལ། བྱེད་སྟངས་དེས་ཊོམ་ལ་རྒྱབ་སྐྱོར་བྱེད་མཁན་ཁྲོད་དུ། གསར་ཁང་ཁག་ལ་ལྟ་ཕྱོགས་འགྱུར་བཞིན་པའི་གནས་ཚུང་ཡང་འབྱུང་གི་ཡོད་འདུག དེ་ཡང་དེ་སྔོན་ཟླ་༧ པའི་ནང་སྲིད་འཛིན་ཊོམ་གྱི་གཏམ་བཤད་ལས་འགུལ་ཞིག་གི་ཐོག ཊོམ་གྱི་རྒྱབ་སྐྱོར་བ་མང་པོ་ཞིག་གིས་གསར་འགོད་པ་ཚོར་ཚིག་རྩུབ་བརྗོད་པའི་གནས་ཚུལ་བྱུང་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༢༠༢ ཀློག་གྲངས།