རྒྱ་ནག་གིས་ཨ་རིའི་ལག་ནས་ཁེ་ཕན་ལེན་རྒྱུའི་དུས་ཚོད་ཡོལ་ཚར་བ་རེད་ཟེར།

པེ་ཅིང་གིས་ཁོ་རང་ཚོའི་ཁ་ཕྱོགས་ལ་འགྱུར་བ་མ་གཏོང་བར་དུ། ཚོང་དམག་ཕྱིར་འཐེན་མི་བྱ་རྒྱུ་ངེས་ཅན་ཡིན་པ་དང་། རྒྱ་ནག་གིས་ཨ་རིའི་ལག་ནས་ཁེ་ཕན་ལེན་རྒྱུའི་དུས་ཚོད་ཡོལ་ཚར་སྐོར་བཅས་ཨ་རིའི་སྲིད་འཛིན་གཞོན་པས་བརྗོད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༧ ཉིན་པཱ་པུ་ནིའུ་གྷི་ནི་རྒྱལ་ཁབ་ཏུ་འཚོགས་བཞིན་པའི་ཨེ་ཤི་ཡའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་ལས་གླེང་སྟེགས་ཐོག རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་། ཨ་རིའི་སྲིད་འཛིན་གཞོན་པ་མ་ཀི་པེན་སེ་གཉིས་ཀྱིས་སྔ་རྗེས་སུ་འཛམ་གླིང་སྤྱིའི་ཐོག་འཛིན་པའི་འཆར་སྣང་སྐོར་ཕན་ཚུན་ལ་འགལ་ཟླའི་གཏམ་བཤད་སྤེལ་ཡོད་འདུག་པ་དང་། མ་གཞི་ད་ལྟའི་ཆར་ཨ་རི་དང་རྒྱ་ནག་སྟེ། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གཉིས་བར་ལ་ཚོང་དམག་གི་གནད་དོན་ཐོག་ནས་སེམས་འཚབ་འཕར་བཞིན་པའི་སྐབས་ཡིན་པ་རེད།

ཚོགས་ཆེན་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་གོ་ལའི་མཉམ་འབྲེལ་དང་རྒྱལ་སྤྱིའི་ཚོང་འབྲེལ་གྱི་དགོས་མཁོའི་སྐོར་ལ་གཏམ་བཤད་བྱས་ཡོད་འདུག་པ་དང་། སྐབས་དེར་ཁོས་རྒྱལ་ཁབ་ཕན་ཚུན་བར་གོ་བསྡུར་བྱས་ནས་སེལ་མི་ཐུབ་པའི་གནད་དོན་མེད་སྐོར་དང་“གྲང་དམག་དང་། དམག་འཁྲུག་དངོས། ཚོང་དམག་བཅས་རྣམ་པ་ག་འདྲ་ཞིག་གི་ཐོག་ནས་ཕན་ཚུན་ལ་གདོང་ལེན་བྱས་ཀྱང་རུང་། དེ་ལ་བརྟེན་ནས་རྒྱལ་ཁ་ཐོབ་མཁན་སུ་ཡང་མེད་པ་ལོ་རྒྱུས་ལས་གསལ་པོ་རེད་”ཅེས་བརྗོད་ཡོད་འདུག

འོན་ཀྱང་། ཨ་རིའི་སྲིད་འཛིན་གཞོན་པ་མ་ཀི་པེན་སེས་དེའི་རྗེས་སུ་གཏམ་བཤད་སྤེལ་སྐབས་“རྒྱ་ནག་དང་ཞི་ཅིན་ཕིང་ལ་གུས་བཀུར་ཆེན་པོ་ཡོད་ཀྱང་། པེ་ཅིང་གིས་ཁོ་རང་ཚོའི་ཁ་ཕྱོགས་ལ་འགྱུར་བ་མ་གཏོང་བར་དུ། ཚོང་དམག་ཕྱིར་འཐེན་མི་བྱ་རྒྱུ་ངེས་ཅན་ཡིན་”ཞེས་དང་“རྒྱ་ནག་གིས་ལོ་ངོ་མང་པོའི་རིང་ལ་ཨ་རིའི་ལག་ནས་ཁེ་ཕན་བླངས་ཡོད་ཀྱང་། ད་ལྟ་དུས་ཚོད་དེ་ཡོལ་ཚར་བ་རེད་”ཅེས་ཚོགས་འདུའི་ཐོག་ཡོད་པའི་འཛམ་གླིང་གི་འགོ་ཁྲིད་རྣམས་ཀྱི་མདུན་དུ་བརྗོད་ཡོད་འདུག

ཨ་རྒྱ་གཉིས་ཀྱི་ད་ལྟའི་དཀའ་རྙོག་དེ་དཔལ་འབྱོར་གྱི་དཀའ་རྙོག་ཙམ་ལས་བརྒལ་ནས། ཆབ་སྲིད་དང་དམག་དོན་རང་བཞིན་ཅན་གྱི་དཀའ་ངལ་ལ་འགྱུར་འགྲོ་ཡི་ཡོད་འདུག་པ་དང་། རྒྱ་ནག་གིས་ཁོ་རང་ཚོའི་མངའ་ཁོངས་སུ་རློམ་བཞིན་པའི་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་གྱི་བདག་དབང་གནད་དོན་ཐོག་ལ་ཨ་རིས་ཁ་གཏད་གཅོག་བཞིན་ཡོད་འདུག

དེ་བཞིན་མ་ཀི་པེན་སེ་ཡིས། པཱ་པུ་ནིའུ་གྷི་ནི་རྒྱལ་ཁབ་ཏུ་ཨོ་སི་ཊོ་ལི་ཡ་དང་མཉམ་འབྲེལ་གྱིས་ཨ་རིའི་དམག་གི་རྟེན་གཞི་ཞིག་སྐྲུན་རྒྱུ་ཡིན་པ་བསྒྲགས་ཡོད་འདུག་པ་དང་། འདིའི་ཐད་དུ་ཁོང་གིས་“ང་ཚོས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་གླིང་ཕྲན་ཁག་གི་བདག་དབང་དང་རྒྱ་མཚོའི་འདབས་འབྲེལ་གྱི་ཐོབ་ཐང་སྲུང་སྐྱོབ་བྱ་ཆེད་དུ། རྒྱལ་ཁབ་འདི་གཉིས་(པཱ་པུ་ནིའུ་གྷི་ནི་དང་ཨོ་སི་ཊོ་ལི་ཡ་)དང་མཉམ་འབྲེལ་བྱ་རྒྱུ་ཡིན་”ཞེས་ཨེ་ཤི་ཡའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་ལས་གླེང་སྟེགས་ཐོག་བརྗོད་ཡོད་འདུག

དེ་སྔོན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས། རྒྱ་ནག་གིས་དྲང་བདེན་མ་ཡིན་པའི་ཚོང་ལས་གཉེར་གྱི་ཡོད་པ་བརྗོད་ནས།  དེར་འཁོན་ལན་དུ་ཨ་སྒོར་ཐེར་འབུམ་མང་པོའི་རྒྱ་ནག་གི་ཚོང་ཟོག་ལ་སྒོ་ཁྲལ་སྤར་ཡོད་པ་དང་། དེ་རྗེས་རྒྱ་ནག་གིས་ཀྱང་ཨ་སྒོར་ཐེར་འབུམ་མང་པོའི་ཨ་རིའི་ཚོང་ཟོག་ཐོག་སྒོ་ཁྲལ་སྤར་ཡོད་པ་རེད།

ཕྱི་ཟླ་༡༡ པའི་ཕྱི་ཚེས་༡ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཁ་པར་བརྒྱུད་གྲོས་མོལ་ཧ་ཅང་བཟང་པོ་བྱུང་ཡོད་པ་དང་། སྲིད་འཛིན་གཉིས་ཀས་ཕྱོགས་གཉིས་ཀྱི་དཔལ་འབྱོར་གྱི་འབྲེལ་ལམ་ངེས་པར་དུ་ཡར་རྒྱས་གཏོང་དགོས་པའི་བསམ་བློ་གཏོང་གི་ཡོད་སྐོར། དེ་བཞིན་ཕྱི་ཟླ་༡༡ པའི་ཕྱི་ཚེས་༣༠ ཉིན་ཨར་ཇེན་ཊི་ནཱ་རུ་སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ལྷན་ཚོགས་སྐབས་ཕྱོགས་གཉིས་ཀྱི་སྲིད་འཛིན་གཉིས་ཟུར་དུ་ཐུག་འཕྲད་བྱས་ནས་གྲོས་མོལ་བྱ་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་ཕྱོགས་གཉིས་ཀས་བསྒྲགས་ཡོད་པ་རེད།

འོན་ཀྱང་། ཉེ་ཆར་རྒྱལ་སྤྱིའི་ཆབ་སྲིད་ཉམས་ཞིབ་པ་ཁག་ཅིག་གིས་ཨ་རྒྱ་གཉིས་བར་གྱི་ད་ལྟའི་གནས་བབ་ལ་གཞིགས་ན། སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་ཡི་ལྷན་ཚོགས་སྐབས་ཕྱོགས་གཉིས་ཀྱི་སྲིད་འཛིན་གཉིས་ཟུར་དུ་ཐུག་འཕྲད་བྱ་རྒྱུ་ཁག་པོ་ཡིན་པ་དང་། དེའི་སྐབས་སུ་ཨ་རྒྱ་གཉིས་བར་གྱི་ཚོང་དམག་གི་དཀའ་ངལ་སེལ་ཐུབ་རྒྱུ་ཁག་པོ་ཡིན་སྐོར་བཅས་བརྗོད་བཞིན་ཡོད་པ་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༣༤༣ ཀློག་གྲངས།