ཡེ་ཤུའི་བླ་མ་ཞིག་ལ་བཙན་གཡེམ་དོན་རྐྱེན་འོག་ལོ་༡༥ བཙོན་འཇུག་ཁྲིམས་ཆད།

སློབ་མ་༡༣༠,༠༠༠ ཙམ་ཡོད་པའི་ལྷོ་ཀོ་རི་ཡའི་ཡེ་ཤུ་བླ་མ་ཞིག་གིས་སློབ་མ་བུད་མེད་༨ ལ་བཙན་གཡེམ་བྱས་པའི་ཉེས་འཛུགས་འོག་ལོ་༡༥ ཡི་བཙོན་འཇུག་ཁྲིམས་གཅོད་བྱས་ཡོད་འདུག

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ལྷོ་ཀོ་རི་ཡའི་ཡེ་ཤུའི་བླ་མ་ལིའི་ཇེ་རོཀ་(Lee Jae-rock) ཞེས་པས་ཁོ་རང་གི་སློབ་མ་བུད་མེད་༨ ལ་དེ་སྔོན་བཙན་གཡེམ་བྱས་ཡོད་པའི་ཉེས་འཛུགས་འོག ཟླ་འདིའི་ཕྱི་ཚེས་༢༢ ཉིན་ཁོང་ལ་༡༥ ཡི་བཙོན་འཇུག་ཁྲིམས་གཅོད་བྱས་ཡོད་འདུག་པ་དང་། ད་ལྟའི་ཆར་ཁོང་གིས་ཉེས་འཛུགས་དེ་དག་ལ་ངོས་ལེན་བྱས་མེད་འདུག

གནོད་འཚེ་ཕོག་ཡུལ་གྱི་སློབ་མ་དེ་དག་གིས་ལིའི་ཇེ་རོཀ་ནི་ཁོ་རང་ཚོའི་ངོས་ནས་དེ་སྔོན་དཀོན་མཆོག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་སྟབས། ཁོ་རང་གིས་ག་རེ་བྱེད་དགོས་ལབ་པ་དེ་མ་བྱེད་ཀ་མེད་བྱུང་བ་དང་། དེ་ནི་ཆོས་ལུགས་ཀྱི་དབང་ཆ་བེད་སྤྱོད་བྱས་པ་ཞིག་ཏུ་ཚོར་གྱི་ཡོད་སྐོར་བརྗོད་ཡོད་འདུག

འདི་ལོའི་འགོ་སྟོད་དུ་ཁོང་གི་སློབ་མ་གསུམ་གྱིས། ལིའི་ཇེ་རོཀ་ཡི་སྡོད་གནས་སུ་ཁོང་ཚོ་སྐད་བཏང་ནས་འཁྲིག་སྤྱོད་བྱ་རྒྱུར་བཙན་ཤེད་བྱས་བྱུང་སྐོར་དང་། དེའི་ནང་ནས་གཅིག་གིས་“ངས་ཁོང་མགོ་རྟིང་སློག་ཐུབ་མ་སོང་”ཞེས་དང་། “ཁོང་རྒྱལ་པོ་ཞིག་ལས་ལྷག་པ། དཀོན་མཆོག་ཡིན་པར་བརྩི་མྱོང་ཡོད་”ཅེས་ལྷོ་ཀོ་རི་ཡའི་བརྒྱུད་ལམ་ཁག་ཏུ་བརྗོད་ཡོད་འདུག་པ་མ་ཟད། མོ་རང་ཆུང་དུས་ནས་མཱ་མིན་ཡེ་ཤུའི་ལྷ་ཁང་གི་ཚོགས་མི་ཞིག་ཡིན་སྐོར་བརྗོད་ཡོད་འདུག

ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་ནང་རྟེན་གཞི་བྱས་པའི་ལིའི་ཇེ་རོཀ་ཡི་ཆོས་ཀྱི་བསྟི་གནས་མཱ་མིན་དབུས་ཡེ་ཤུའི་ལྷ་ཁང་(Mamin Central Church) ཞེས་པ་དེ་ཕྱི་ལོ་༡༩༨༢ ལོར་ཁོང་གིས་ཐོག་མར་སློབ་མ་༡༢ དང་ལྷན་དུ་གསར་བཞེངས་གནང་ཡོད་འདུག་ཀྱང་། རིམ་བཞིན་འཕེལ་རྒྱས་སོང་ནས་ད་ལྟའི་ཆར་ཡེ་ཤུའི་ལྷ་ཁང་ཧ་ཅང་ཆེན་པོ་ཞིག་ཡོད་འདུག་པ་མ་ཟད། ཁོང་ལ་སློབ་མ་༡༣༠,༠༠༠ ཡོད་འདུག

འདི་ལོའི་ཕྱི་ཟླ་༥ པའི་ནང་སློབ་མ་བུད་མེད་༨ གྱིས་ལིའི་ཇེ་རོཀ་ཡིས་ཁོང་ཚོར་བཙན་གཡེམ་བྱས་པའི་ཁ་མཆུ་གཏུགས་ནས། སྐབས་དེ་དུས་ཁོང་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག་པ་དང་། ཁྲིམས་ཁང་གིས་ལིའི་ཇེ་རོཀ་ཡི་དུས་ཚོད་རྒྱུན་རིང་པོ་ཞིག་གི་ནང་ལ་བུད་མེད་དེ་དག་ལ་བཙན་གཡེམ་ཐེངས་༡༠ ཙམ་བྱས་ཡོད་པ་བརྗོད་ནས། ལོ་༡༥ ཡི་བཙོན་འཇུག་ཁྲིམས་གཅོད་བྱས་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༢༠༡༠ ཀློག་གྲངས།