དོན་གྲུབ་དབང་ཆེན་གྱིས་གཟེངས་རྟགས་དངོས་སུ་བཞེས་འདུག

བོད་ཀྱི་གློག་བརྙ་བཟོ་སྐྲུན་པ་དང་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལ། ཕྱི་ལོ་༢༠༡༢ ལོར་རྒྱལ་སྤྱིའི་གསར་འགོད་སྲུང་སྐྱོབ་ཚོགས་པའི་ཁོང་ལ་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གཟེངས་རྟགས་གནང་ཡོད་ཀྱང་། སྐབས་དེར་ཁོང་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པས། བཞེས་ཐུབ་མེད་ཀྱང་འདི་ལོའི་གཟེངས་རྟགས་ཀྱི་མཛད་སྒོར་གཟེངས་རྟགས་དེ་དངོས་སུ་བཞེས་འདུག

ཟླ་༡༡ པའི་༢༡ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ། རྒྱལ་སྤྱིའི་གསར་འགོད་སྲུང་སྐྱོབ་ཚོགས་པས་རྒྱལ་སྤྱིའི་ནང་སྙིང་སྟོབས་ལྡན་པའི་གསར་འགོད་པ་ཚོར་ཆེ་མཐོང་གིས་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། སྐབས་དེར་རྒྱལ་ཁབ་མི་འདྲ་བ་བཞི་ནས་གསར་འགོད་པ་ཁག་ཅིག་ལ་གཟེངས་རྟགས་གནང་ཡོད་པ་དང་སྦྲགས། དེ་སྔོན་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གཟེངས་རྟགས་ཐོབ་ཀྱང་། སྐབས་དེར་བཙོན་འོག་ཏུ་ཡོད་ནས་གཟེངས་རྟགས་བཞེས་མ་ཐུབ་མཁན་གཉིས་ལ་དངོས་སུ་གཟེངས་རྟགས་ཕུལ་ཡོད་པ་རེད། དེའི་ཁོངས་སུ་ཕྱི་ལོ་༢༠༡༢ ལོར་གཟེངས་རྟགས་ཐོབ་མཁན་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་དོན་གྲུབ་དབང་ཆེན་དང་། ཕྱི་ལོ་༢༠༡༧ ལོར་གཟེངས་རྟགས་ཐོབ་མཁན་ཁཱེ་མེ་རོན་རྒྱལ་ཁབ་ཀྱི་གསར་འགོད་པ་ཨཱ་མེཌ་ཨ་བྷ་ཡོད་པ་རེད།

མཛད་སྒོའི་ཐོག་ཚོགས་པ་དེས་བོད་ནང་རང་དབང་མེད་པའི་གནས་སྟངས་ཐོག་གསལ་སྟོན་དང་། དོན་གྲུབ་དབང་ཆེན་གྱི་བློས་གཏོང་དང་འབད་བརྩོན་གྱིས་བོད་ནང་མི་བོད་མིའི་གནས་སྟངས་འཇིགས་ཞུམ་མེད་པར་ཕྱིར་བསྒྲགས་བྱས་པར་ཆེ་བསྟོད་གནང་ཡོད་འདུག

དོན་གྲུབ་དབང་ཆེན་གྱིས་མཛད་སྒོ་སྟེང་དུ། ཁོང་དང་རོགས་པ་ཁག་ཅིག་གིས་བོད་ནང་གི་དངོས་ཡོད་གནས་སྟངས་དེ་ཕྱིར་བསྒྲགས་ཡོང་ཆེད་དུ་གློག་བརྙན་བཟོས་པ་ལ་བརྟེན་ནས། རྒྱ་ནག་གིས་བཙོན་འཇུག་བྱས་པ་དང་རྗེས་སུ་ཨ་རིར་ཡོང་དགོས་བྱུང་བའི་བརྒྱུད་རིམ་སྐོར་དང་། “ཕྱི་ལོ་༢༠༠༨ ལོར་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་ཕྱིན་རྗེས། བོད་མི་༡༦༠ ལྷག་གིས་རང་སྲེག་རྒྱ་རྒོལ་གནང་ཡང་། རྒྱ་ནག་གཞུང་གིས་ངོས་ལེན་བྱེད་ཀྱི་མེད་པ་རེད། སྤྱི་ལོ་༢༠༡༢ ལོར་གསར་འགོད་པའི་སྲུང་སྐྱོབ་ཚོགས་པས་ང་རང་གསར་འགོད་རང་དབང་གི་བྱ་དགའ་འདི་གནང་བ་ནི་ང་རང་ལ་མཚོན་ན་བོད་ནང་གི་ཆབ་སྲིད་བཙོན་པ་རྣམ་པ་དང་བོད་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་དྲང་བདེན་ལ་རྒྱབ་སྐྱོར་བྱས་པར་ངོས་འཛིན་ཞུ་གི་ཡོད། བོད་ནང་གི་གནས་ཚུལ་དེ་ཧ་ཅང་ཛ་དྲག་རེད། དེང་སྐབས་འཛམ་གླིང་ནང་གི་བཙོན་ཁང་ཆེ་ཤོས་ལྟ་བུར་གྱུར་ཡོད་པ་རེད། དེ་རིང་འདིར་ཕེབས་ཡོད་པ་རྣམ་པ་ཚང་མས་བོད་ནང་གི་གནས་སྟངས་དེ་ས་ཡི་གོ་ལ་འདིར་ཤེས་རྟོགས་དང་ཁྱབ་སྤེལ་གཏོང་རྒྱུར་སྙིང་ཐག་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་”ཞེས་གསུངས་འདུག

མཛད་སྒོར་རྒྱལ་སྤྱིའི་ནང་གསར་འགོད་ལས་དོན་དང་འབྲེལ་བ་མི་སྣ་མང་པོ་ཞིག་མཉམ་ཞུགས་བྱས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༢༠༨༢ ཀློག་གྲངས།