པ་ཀི་སི་ཐན་ནང་གི་རྒྱ་ནག་དོན་གཅོད་ཁང་དུ་དྲག་རྒོལ་བྱས་འདུག

པ་ཀི་སི་ཐན་ནས་ཁ་བྲལ་བྱེད་འདོད་པའི་གྱེན་ལངས་ཚོགས་པ་ཞིག་གིས། རྒྱལ་ཁབ་དེའི་ནང་གི་རྒྱ་ནག་གི་དོན་གཅོད་ཁང་ཞིག་ཏུ་འཛུལ་ཐབས་ཀྱིས་དྲག་རྒོལ་བྱས་འདུག་པ་དང་། དྲག་རྒོལ་གྱི་དམིགས་ཡུལ་ནི་ཁ་བྲལ་ཤོག་ཁག་དེའི་ས་ཁུལ་དུ་རྒྱ་ནག་གི་དམག་ཤུགས་རྒྱ་བསྐྱེད་ལ་ངོ་རྒོལ་གྱི་རྣམ་པ་སྟོན་ཆེད་ཡིན་འདུག

ཟླ་༡༡ པའི་ཚེས་༢༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། མཚོན་ཆ་ཐོག་མཁན་མི་གསུམ་གྱིས་པ་ཀི་སི་ཐན་གྱི་གྲོང་ཁྱེར་ཀཱ་ར་ཆཱི་ལ་ཡོད་པའི་རྒྱ་ནག་གི་དོན་གཅོད་ཁང་དུ་འཛུལ་ནས་དྲག་རྒོལ་བྱས་ནས་མི་བཞི་བསད་འདུག་པ་དང་། དེའི་ཁྲོད་ཉེན་རྟོག་པ་གཉིས་བསད་འདུག རྗེས་སུ་ཉེན་རྟོག་པ་དང་དམག་མིའི་རུ་ཁག་གཉིས་ཀྱིས་དྲག་སྤྱོད་པ་གསུམ་པོ་བསད་འདུག

པ་ཀི་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་ཁཱུ་རི་ཤི་ཡིས་གསར་འགོད་ལྷན་ཚོགས་ཐོག་ཏུ། དོན་གཅོད་ནང་དུ་ཡོད་པའི་རྒྱ་མི་གྲོགས་པོ་རྣམས་པ་དང་ལས་བྱེད་བཅས་མི་༢༡ ཆ་ཚང་བདེ་ཐང་ཡིན་པ་དང་། བདེ་འཇགས་ཅན་གྱི་ས་གནས་ཤིག་ཏུ་བསྐྱལ་ཡོད་སྐོར་བརྗོད་འདུག གསར་དུ་འདེམས་ཐོན་བྱུང་བའི་སྲིད་བློན་ཨི་མེ་རན་ཁང་གིས། དྲག་རྒོལ་དེ་རྒྱ་ནག་དང་པ་ཀི་སི་ཐན་གཉིས་བར་ཡོད་པའི་འཐབ་བྱུས་ཀྱི་མཉམ་ལས་ལ་ཁ་གཏད་ཀྱི་ལྐོག་ཇུས་ཤིག་ཡིན་པའི་སྐྱོན་བརྗོད་བྱས་ཏེ། ཞིབ་འཇུག་མཐིལ་ཕྱིན་དགོས་པའི་བཀའ་བཏང་འདུག

དྲག་རྒོལ་དེར་འགན་ལེན་བྱེད་མཁན་གྱི་ཚོགས་པ་ནི། ལོ་ངོ་བཅུ་ཕྲག་གཅིག་ལས་མང་བའི་རིང་བྷ་ལུ་ཆི་སི་ཐན་མངའ་སྡེ་དེ་པ་ཀི་སི་ཐན་ནས་རང་བཙན་ཐོབ་ཆེད་དུ་དྲག་རྒོལ་བྱེད་མཁན་གྱི་བྷ་ལུ་ཆི་བཅིང་གྲོལ་དམག་མི་ཞེས་པ་རེད་འདུག ཚོགས་པ་དེས་དྲག་རྒོལ་བྱེད་མཁན་མི་གསུམ་པོ་ནི་རྒྱ་མི་དང་པ་ཀི་སི་ཐན་གྱི་དམག་མིར་དྲག་རྒོལ་བྱེད་ཆེད་དུ་བཙུགས་པའི་དམག་གི་རུ་ཁག་གསར་པ་ཞིག་ནས་ཡིན་སྐོར་བརྗོད་འདུག

བྷ་ལུ་ཆི་སི་ཐན་ནི་པ་ཀི་སི་ཐན་ནང་གི་མངའ་སྡེ་ཆེ་ཤོས་དང་མི་འབོར་ཉུང་ཤོས་ཡིན་འདུག་པ་དང་། པ་ཀི་སི་ཐན་དང་རྒྱ་ནག་གཉིས་བར་དཔལ་འབྱོར་འཛུགས་སྐྲུན་གྱི་ལས་འཆར་འོག ཁུལ་དེར་ལམ་ཁ་དང་མཚོ་ཁ་སོགས་གསར་པ་མང་པོ་ཞིག་རྒྱག་འཆར་ཡོད་པས། བྷ་ལུ་ཆི་བཅིངས་གྲོལ་དམག་མི་དང་ཁ་བྲལ་གྱི་དམག་སྡེ་གཞན་རྣམས་ཀྱིས། ལས་འཆར་དེ་འགོ་འཛུགས་བྱས་པ་ནས་བཟུང་། ལས་འཆར་དེ་ནི་རྒྱ་བསྐྱེད་རིང་ལུགས་པའི་ལས་དོན་ཡིན་པར་ངོས་འཛིན་གྱིས། རྒྱ་མིའི་ལས་བྱེད་དམིགས་བཀར་གྱིས་དྲག་རྒོལ་ཡང་ནས་ཡང་དུ་བྱེད་བཞིན་ཡོད་འདུག་པ་དང་། ཟླ་༤ པའི་ནང་རྒྱ་ནག་གི་བཟོ་སྐྲུན་འཆར་འགོད་པ་ཁག་ཅིག་ཡོད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་འབར་རྫས་ཀྱི་དྲག་རྒོལ་བྱས་ཏེ། ཉུང་མཐར་མི་༦ ལ་རྨས་སྐྱོན་བཟོས་ཡོད་འདུག

རྒྱ་ནག་གིས་པ་ཀི་སི་ཐན་ནང་ཡོད་པའི་རྒྱ་ནག་གི་མི་སེར་ཚང་མར་སྲུང་སྐྱོབ་ཀྱི་ལས་དོན་དོ་ནན་དུ་གཏོང་བའི་དགོས་འདུན་དང་། ཚེ་སྲོག་ཤོར་མཁན་གྱི་པ་ཀི་སི་ཐན་གྱི་ཉེན་རྟོག་པ་དང་དེ་དག་གི་ནང་མིར་མྱ་ངན་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

དྲག་རྒོལ་བྱེད་མཁན་གྱི་ཚོགས་པ་དེས་དྲག་རྒོལ་གྱི་དམིགས་ཡུལ་ནི། མངའ་སྡེ་དེའི་ནང་རྒྱ་ནག་གི་དམག་ཤུགས་རྒྱ་བསྐྱེད་ཀྱི་ལས་དོན་ལ་བཟོད་སྲན་བྱེད་ཐབས་མེད་པས་ཡིན་སྐོར་བརྗོད་འདུག

རྒྱ་ནག་གིས་དཔལ་འབྱོར་གྱི་སྟོབས་ཤུགས་ཆུང་བའི་ཨེ་ཤི་ཡ་དང་ཨ་ཧྥེ་རི་ཀའི་རྒྱལ་ཁབ་མང་པོ་ཞིག་ནང་། འཛུགས་བསྐྲུན་མ་འཛུགས་ཕོན་ཆེན་བྱས་ཏེ། རྗེས་སུ་རྒྱལ་ཁབ་དེ་དག་གི་བུ་ལོན་འཇལ་མི་ཐུབ་པ་ཆགས་སྐབས། ཁུལ་དེའི་མཚོ་ཁ་སོགས་ལོ་མང་རིང་བདག་གཉེར་བྱེད་པ་དང་། དེ་བཞིན་རྒྱལ་ཁབ་དེར་རྒྱལ་སྤྱིའི་ནང་རྒྱ་ནག་གི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་གནས་ཚུལ་མང་པོ་ཐོན་བཞིན་པ་རེད་ལ། རྒྱལ་ཁབ་མང་པོའི་མི་སེར་གྱིས་རྒྱ་ནག་གིས་དཔལ་འབྱོར་སྟོབས་ཤུགས་བེད་སྤྱད་ནས་དབང་ཤུགས་རྒྱ་བསྐྱེད་ཀྱི་ལས་དོན་ལ་ངོ་རྒོལ་བྱེད་མཁན་ཡང་བྱུང་བཞིན་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༡༦༤༥ ཀློག་གྲངས།