ཁོར་ཡུག་ཉམ་ཉེས་ཀྱི་སྔོན་བརྡ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༢༦  ཕྱི་ལོ་ ༢༠༡༨/༡༡ /༢༡

འཛམ་གླིང་ཤར་ནུབ་ཀྱི་ས་ཕྱོགས་ཀུན་ཏུ་ཁོར་ཡུག་སྲུང་སྐྱོབ་གལ་ཆེ་ཚུལ་མང་པོ་གླེང་གི་ཡོད་ལ། ཆེ་ས་རྒྱལ་ཁབ་ནས་འབྲིང་ཚོགས་སྡེ་ཁག ཆུང་ས་ནས་མི་སྒེར་བཅས་ཀྱིས་ད་ལྟའི་དུས་འདིར་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་གཏམ་བཤད་དང་། འབད་བརྩོན་བྱེད་མཁན་མང་པོ་ཡོད་པ་བཞིན། བོད་ཕྱི་ནང་གཉིས་སུའང་ད་ལྟའི་ཆར་ཁོར་ཡུག་སྲུང་སྐྱོབ་དགོས་པའི་འབོད་སྒྲ་སྒྲོག་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། འོན་ཀྱང་བོད་པ་རང་ངོས་ནས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཐོག་ནས་ཁོར་ཡུག་གཙང་སྦྲ་ཅུང་ཙམ་རེ་བྱེད་ཐུབ་ན་ལས། ཁོར་ཡུག་སྲུང་སྐྱོབ་རྒྱ་ཆེན་པོ་ཞིག་བྱེད་རྒྱུའི་གོ་སྐབས་དང་ནུས་པ་གཏན་ནས་མེད། ད་ལྟ་བོད་ནང་དུ་གཏེར་ཁ་སྔོག་འདོན་ལ་བརྟེན་ནས་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་འགྲོ་བཞིན་ཡོད་ཀྱང་། གཏེར་ཁ་སྔོག་འདོན་བྱེད་མཁན་གྱི་སྦྱིན་བདག་ཆེ་ཁག་བོད་པ་མིན་ལ། དེ་ལ་ཆོག་མཆན་སྤྲོད་མཁན་ཚོང་པ་ཁག་དང་ཁེ་ཕན་ལག་སྦྲེལ་བྱེད་མཁན་གྱི་དཔོན་རིགས་ཀྱང་བོད་པ་མིན་པར། ཁོར་ཡུག་ལ་གནོད་བཞིན་དུ་གཏེར་ཁ་སྔོག་འདོན་འགོག་རྒྱུའི་དབང་ཆའང་བོད་པ་ལ་མེད།

འདས་པའི་ལོ་ཤས་ནང་བོད་ནང་དུ་གཏེར་ཁ་སྔོག་འདོན་བྱས་ནས་ཁོར་ཡུག་ལ་གནོད་པའི་གནས་ཚུལ་མང་པོ་བྱུང་ཡོད་པ་དང་། བོད་པས་དེ་ལ་སྲུང་སྐྱོབ་ཆེད་འབོད་སྐུལ་ཞུ་གཏུགས་དང་། ངོ་རྒོལ་སྐད་འབོད་སོགས་བྱེད་མྱོང་ཡང་། དེ་ལ་བརྟེན་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་མང་པོ་ཞིག་བཙོན་འཇུག་ཁྲིམས་ཆད་བཅད་ཡོད་པ་དང་། དཔེར་ན་རྨ་རྫ་འབྲི་གསུམ་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་དྲུང་ཆེ་གཟི་ཡི་རྒྱལ་པོའམ། ཚོང་དཔོན་ཀརྨ་བསམ་སྒྲུབ་ལ་མ་ཉེས་ཁག་གཡོགས་བྱས་ནས་མི་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་ནས་བཙོན་འཇུག་བྱེད་བཞིན་ཡོད་ཅིང་། ཁོང་གི་སྤུན་མཆེད་གཉིས་ལའང་དུས་བཀག་བཙོན་འཇུག་ལོ་ཡུན་ཁ་ཤས་རེ་བྱས་ཡོད། མདོར་ན་དེ་དང་དེ་ལྟ་བུའི་ཐོག་ནས་བཤད་ན་བོད་པ་རང་ངོས་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་དབང་ཆ་དང་ནུས་པ་གཏན་ནས་མེད། དེར་བརྟེན་བོད་པའི་ཁོར་ཡུག་ལ་གཙང་སྦྲ་ཙམ་རེ་བྱས་ནས་སྲུང་སྐྱོབ་གང་ཐུབ་བྱ་རྒྱུ་ལས། རྒྱ་ཆེ་ས་ནས་སྲུང་སྐྱོབ་བྱ་རྒྱུ་གོ་སྐབས་མེད་པ་ནི་བོད་མི་རིགས་ལ་མཚོན་ན་མ་འོངས་པར་ཉེན་ཁ་ཧ་ཅང་ཆེན་པོ་ཞིག་ཏུ་གྱུར་ཡོད།

ཉེ་ལམ་རི་ཉིལ་བའི་དོན་རྐྱེན་ལ་བརྟེན་ནས་འབྲི་ཆུ་ཐེངས་གཉིས་འགག་པ་དང་། དེ་ལ་བརྟེན་ནས་སེམས་འཚབ་བྱེད་དགོས་པའི་གནས་ཚུལ་བྱུང་ཡོད་ཅིང་། སྤོ་ལུ་དགོན་པས་གཙོས་ཡུལ་སྡེ་མང་པོ་ཞིག་ལ་གནོད་སྐྱོན་ཡང་ཕོག་ཡོད། གནས་ཚུལ་དེའི་འབྱུང་རྐྱེན་སྐོར་སྔོན་ཞིག་ལ་ཅུང་ཙམ་གླེང་ཟིན་པས་བསྐྱར་བཟློས་མི་བྱེད་ལ། གནས་ཚུལ་དེའི་ཐོག་བོད་ཀྱི་ཁོར་ཡུག་གི་ཉམ་ཉེས་དང་དེ་ལ་བརྟེན་ནས་འབྱུང་སྲིད་པའི་ཉེན་ཁ་མང་པོ་ཞིག་གི་སྔོན་བརྡ་རུ་ངོས་འཛིན་བྱེད་ཆོག སྟབས་ཡག་པ་ཞིག་ལ་དོན་རྐྱེན་སྔ་རྗེས་གཉིས་ཀ་སྟོན་དགུན་མཚམས་སུ་བྱུང་ཡོད་པ་ལས། དབྱར་ཆར་ཆུ་རྒྱས་པའི་སྐབས་སུ་བྱུང་མེད། གལ་སྲིད་རི་ཉིལ་ནས་འབྲི་ཆུ་འགག་པའི་གནས་ཚུལ་དེ་དབྱར་དུས་ཆར་ཞོད་ཆེ་བའི་སྐབས་སུ་འཁེལ་ཡོད་ན། ད་ལྟ་བྱུང་བའི་གནོད་སྐྱོན་འདི་ཙམ་ལས་བརྒལ་ནས་འབྲི་ཆུའི་ཆུ་རྒྱུད་དུ་ཡོད་པའི་བོད་པ་དང་། རྒྱ་ནག་གི་ས་ཁུལ་ཁྱོན་ཡོངས་སུ་གནོད་སྐྱོན་བསམ་གྱིས་མི་ཁྱབ་པ་ཞིག་ཏུ་འགྱུར་ངེས་པར་བརྟེན། ད་ལན་བྱུང་བའི་གནས་ཚུལ་དེ་ནི་སྡུག་པའི་ནང་ནས་ཡག་པ་ལྟ་བུ་གྱུར་ཡོད།

ད་ལོའི་དགུན་སྟོད་ཆར་ཆུ་དཀོན་པའི་སྐབས་བྱུང་བའི་དོན་རྐྱེན་འདི་ལ་བརྟེན་ནས། མ་འོངས་པར་ཆར་ཆུ་ཧ་ཅང་འབེལ་བའི་སྐབས་སུའང་དོན་རྐྱེན་འདི་ལྟ་བུ་འཕྲད་སྲིད་པའི་སྔོན་བརྡ་ལྟ་བུ་ཡིན་པས། ད་ལན་ཆུ་འཇིགས་བྱུང་བའི་དགོན་སྡེ་དེ་ལ་མཚོན་ནའང་། མ་འོངས་པར་ཆུའི་དཀའ་ངལ་མི་འཕྲད་པའི་ས་ཆ་ཞིག་ལ་སྤོ་རྒྱུའི་བསམ་བློ་གཏོང་དགོས་པ་གལ་ཆེན་པོར་གྱུར་ཡོད་པ་མ་ཟད། འབྲི་ཆུའི་ཆུ་རྒྱུད་དུ་ཡོད་པའི་གྲོང་སྡེ་ཁག་ལ་མཚོན་ནའང་སྔོན་ཚུད་ནས་གྲྭ་སྒྲིག་གསར་པ་ཞིག་བྱེད་མ་ཐུབ་ན། དབྱར་ཆར་ཞོད་ཆེ་བའི་སྐབས་སུ་དོན་རྐྱེན་འདི་ལྟ་བུ་བྱུང་ན་རི་ལུག་པ་ཐག་པས་མི་འདུམ་ཟེར་བའི་དཔེ་བཞིན་བྱེད་ཐབས་གང་ཡང་མེད་པར་འགྱུར་ཉེན་ཆེན་པོ་ཡོད། ཉེན་ཁ་འདི་མ་འོངས་པའི་སྔོན་བརྡ་ཞིག་ཏུ་ངོས་འཛིན་བྱས་ནས་གདོང་ལེན་གྱི་གྲ་སྒྲིག་གསར་པ་ཞིག་བྱེད་དགོས་པ་ཕྲག་ཏུ་བབས་པའི་ལས་འགན་ཉག་གཅིག་ཏུ་གྱུར་ཡོད་ཅིང་། དེ་ལྟར་མ་བྱས་ན་མ་འོངས་པར་འབྲི་ཆུའི་རྒྱུད་དུ་ཡོད་པའི་གྲོང་སྡེ་ཁག་གི་མི་རྒྱུ་ཟོག་གསུམ་ལ་དཀའ་ངལ་བཟློག་ཐབས་བྲལ་བ་ཞིག་འཕྲད་ཚེ་འགྱོད་པ་སྐྱེས་ཀྱང་གཡོལ་ཐབས་མེད།

མདོར་ན་གོང་བརྗོད་བཞིན། བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་གཏོང་མཁན་བོད་པ་མ་རེད་ལ། སྲུང་སྐྱོབ་བྱེད་རྒྱུའི་དབང་ཆ་ཡང་བོད་པར་གཏན་ནས་མེད། ཁོར་ཡུག་ལ་གནོན་སྐྱོན་ཆེ་ཤོས་གཏེར་ཁ་སྔོག་འདོན་ལ་བརྟེན་ནས་བྱུང་ཡོད་པ་ལས། རང་བྱུང་གི་དོན་རྐྱེན་ཙམ་ཞིག་གཏན་ནས་མིན། མ་འོངས་པར་ཁོར་ཡུག་ལ་གཏོར་བཤིག་མུ་མཐུད་གཏོང་དང་མི་གཏོང་། ཁོར་ཡུག་སྲུང་སྐྱོབ་ཐུབ་དང་མི་ཐུབ་ཚང་མ་རྒྱ་གཞུང་གི་ལག་ཏུ་ཡོད། བོད་པའི་ས་ཆ་ལ་ཁོར་ཡུག་གཏོར་སྐྱོན་བཏང་བ་དེས་བོད་པ་གཅིག་པུར་གནོན་སྐྱོན་ཐེབས་པ་ཙམ་མ་ཡིན་པར། འབྲི་ཆུ་དང་། རྨ་ཆུ་གཉིས་ཀྱིས་གཙོས་བོད་ཀྱི་གཙང་པོ་ཆེ་ཁག་མང་པོ་ཞིག་རྒྱ་ནག་ཏུ་འབབ་བཞིན་ཡོད་པས། དབྱར་དུས་འབྲི་ཆུ་འགག་པའི་གནས་ཚུལ་ཐབས་སྡུག་ཅིག་བྱུང་ན། བོད་ཡུལ་ཙམ་དུ་མ་ཟད། འབྲི་ཆུའི་རྒྱུད་དུ་ཡོད་པའི་རྒྱ་ནག་གི་གྲོང་དང་གྲོང་ཁྱེར་ཁག་ལ་གནོན་སྐྱོན་ཚད་ལས་བརྒལ་བ་འབྱུང་ངེས་པས། གཏེར་ཁ་སྔོག་འདོན་བཀག་འགོག་ནི་ཞིང་ཁ་རུ་ཚེར་མ་བཏབ་པ་དང་། རྩྭ་ས་བཀག་པ་ལས་ལྡབ་བརྒྱ་འགྱུར་གྱིས་ཁོར་ཡུག་ལ་ཕན་ཐོགས་ཆེ་ངེས་རེད།།

Share this:
༤༢༢ ཀློག་གྲངས།