ཐའེ་ཝན་གྱི་གཞུང་འཛིན་ཚོགས་པར་ཕམ་ཁ་ཆེན་པོ་བྱུང་འདུག

ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིང་ཝན་གྱི་མང་གཙོ་ཡར་ཐོན་ཚོགས་པར། གྲོང་ཁྱེར་དང་ས་གནས་ཁང་གི་འོས་བསྡུར་ཕམ་ཁ་ཆེན་པོ་བྱུང་ནས། ཁོང་སྲིད་དོན་ཚོགས་པ་དེའི་ཚོགས་གཙོ་ནས་དགོངས་པ་ཞུ་དགོས་བྱུང་འདུག་པ་དང་། དེ་བཞིན་མང་མོས་འོས་བསྡུ་ཐག་གཅོད་ཀྱི་ཁྲོད་དུ། ཚོར་བ་རྣོན་པའི་གནད་དོན་ཁག་ཅིག་ལ་ཡང་ཕམ་ཁ་བྱུང་འདུག

ཟླ་༡༡ པའི་༢༤ ཉིན་ཐའེ་ཝན་གྱི་གྲོང་ཁྱེར་ཁང་གི་སྤྱི་ཁྱབ་དཔོན་དང་ས་གནས་ཁག་གི་དཔོན་རིགས་སོགས་རྐུབ་སྟེགས་༡༡༠༠༠ ལས་མང་བར་འོས་བསྡུ་བྱས་འདུག་པ་དང་། འོས་བསྡུ་དེ་ནི་ལྕམ་ཚེ་དབྱིང་ཝེན་གྱི་སྲིད་གཞུང་གི་ལས་དོན་ལ་མི་མང་གི་བསམ་ཚུལ་གང་འདྲ་ཡོད་མེད་སྟོན་པའི་སྡིངས་ཆ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པས། འོས་བསྡུའི་གྲུབ་དོན་དུ་གཞུང་འཛིན་ཚོགས་པ་མང་གཙོ་ཡར་ཐོན་ཚོགས་པར་གལ་གནད་ཆེ་བའི་ས་གནས་མང་པོ་ཞིག་ལས་ཕམ་ཁ་བྱུང་འདུག རྒྱ་ནག་དང་འབྲེལ་ལམ་ཡག་ཏུ་གཏོང་བར་རྒྱབ་སྐྱོར་བྱེད་མཁན་གོ་མིན་ཏང་ཚོགས་པར་ས་གནས་ཁག་ནས་རྒྱལ་ཁ་ཆེན་པོ་ཐོབ་པ་མ་ཟད། དེ་སྔོན་ལོ་མང་རིང་མང་གཙོ་ཡར་ཐོན་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་གྲོང་ཁྱེར་ཁག་ཅིག་ནས་གོ་མིན་ཏང་ཚོགས་པས་རྒྱལ་ཁ་བླངས་འདུག

གཞུང་འཛིན་ཚོགས་པར་འོས་བསྡུའི་དེའི་ཁྲོད་ཕམ་ཁ་ཆེན་པོ་བྱུང་རྒྱུ་ཡིན་པ་གསལ་པོ་ཆགས་སྐབས། མང་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་དང་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིང་ཝེན་གྱིས། སྲིད་དོན་ཚོགས་པ་དེའི་ཚོགས་གཙོ་ཡིན་པའི་ཆ་ནས། ཕམ་ཁ་དེའི་འགན་ལེན་ཆ་ཚང་བྱེད་ཀྱི་ཡོད་པས། རང་ཉིད་སྲིད་དོན་ཚོགས་པའི་ཚོགས་གཙོ་ནས་དགོངས་པ་ཞུ་རྒྱུའི་གསལ་བསྒྲགས་བྱས་འདུག དེ་བཞིན་ཁོང་གིས་མི་མང་གིས་མང་གཙོའི་རིན་ཐང་ལ་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཐེངས་འདིར་མང་གཙོས་ཁོང་ཚོར་བསླབ་བྱ་ཡག་པོ་ཞིག་སྤྲད་ཡོད་སྐོར་བརྗོད་འདུག

ད་ལྟའི་ཆར་ཁོང་ཐའེ་ཝན་གྱི་སྲིད་འཛིན་ལས་ཁུར་མུ་མཐུད་བྱེད་རྒྱུ་ཡིན་ཡང་། ཕྱི་ལོ་༢༠༢༠ ལོའི་འོས་བསྡུའི་སྐབས་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མིར་ཁོང་ཆགས་རྒྱུ་ཕལ་ཆེར་ཁག་པོ་ཡིན་འདུག

དཔྱད་བརྗོད་པ་ཁག་ཅིག་གིས། འོས་བསྡུའི་གྲུབ་དོན་དེ་ནི་རྒྱ་ནག་གི་ཁེ་ཕན་དང་ཨ་རིའི་གྱོང་ཡིན་སྐོར་བརྗོད་འདུག་ལ། དེ་ཡང་ཐེངས་འདིའི་འོས་བསྡུའི་གྲུབ་དོན་ལ་བརྟེན་ནས། ཕྱི་ལོ་༢༠༢༠ ལོའི་སྲིད་འཛིན་འོས་བསྡུ་སྐབས། མང་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཁ་ཐོབ་མིན་ངེས་གཏན་མེད་པ་དང་། གོ་མིན་ཏང་ཚོགས་པར་རྒྱལ་ཁ་ཐོབ་པའི་རེ་བ་ཡོད་འདུག གལ་ཏེ་དེ་ལྟར་བྱུང་ཚེ་རྒྱ་ནག་དང་འབྲེལ་ལམ་ཡག་ཏུ་འགྲོ་སྲིད་པ་དང་། ཨ་རིས་རྒྱ་ནག་ལ་ཁ་གཏད་གཅོག་པའི་ལག་ཆ་ཞིག་ཀྱང་མེད་པ་ཆགས་སྲིད་པ་རེད་འདུག

ཉེ་བའི་བདུན་ཕྲག་ཁ་ཤས་ནང་། ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིང་ཝེན་གཙོས་པའི་གཞུང་གི་ལས་བྱེད་མང་པོ་ཞིག་གིས། རྒྱ་ནག་གཞུང་གིས་དྲ་ཐོག་ནས་གནས་ཚུལ་རྫུན་མ་མང་པོ་ཞིག་ཁྱབ་སྤེལ་བྱས་ཏེ། འོས་བསྡུར་ཤུགས་རྐྱེན་སྤྲོད་ཐབས་བྱེད་ཀྱི་ཡོད་པའི་ཉེས་འཛུགས་བྱས་འདུག་ཀྱང་། དུས་རྒྱུན་ལྟར་རྒྱ་ནག་གིས་ཉེས་འཛུགས་དེ་དག་ལ་ངོས་ལེན་བྱས་མི་འདུག འོན་ཀྱང་ཐའེ་ཝན་གྱི་ཁྲིམས་ཞིབ་ཁང་གིས་འོས་མི་༣༣ ལ་རྒྱ་ནག་གིས་ཁྲིམས་འགལ་ཐོག་ནས་འོས་བསྡུའི་འགྲོ་གྲོན་ཆེད་དངུལ་སྤྲད་ཡོད་པའི་གནད་དོན་ལ་ཞིབ་འཇུག་བྱེད་བཞིན་ཡོད་འདུག

ཐེངས་འདིའི་འོས་བསྡུ་དང་མཉམ་དུ། གནད་དོན་གལ་ཆེན་ཁག་ཅིག་གི་ཐོག་ལ་མང་མོས་འོས་བསྡུ་ཐག་གཅོད་བྱས་ཡོད་པ་དང་། གནད་དོན་གལ་ཆེན་ཞིག་ནི་དེ་སྔོན་ཐའེ་ཝན་གྱི་རྩ་ཁྲིམས་ཁྲིམས་ཁང་གིས། ཕྱི་ལོ་༢༠༡༩ ལོའི་ཟླ་༥ པའི་སྔོན་དུ་སྲིད་གཞུང་གིས་མཚན་མཐུན་གཉེན་སྒྲིག་དེ་ཁྲིམས་མཐུན་བཟོ་དགོས་པའི་ཐག་གཅོད་བྱས་ཀྱང་། ཐེངས་འདིའི་མང་མོས་འོས་བསྡུའི་ཐག་གཅོད་ཀྱི་གྲུབ་དོན་དུ་ཕམ་ཁ་བྱུང་ཡོད་འདུག

དེ་བཞིན་ཐའེ་ཝན་གྱི་ཨོ་རྩལ་རུ་ཁག་གིས་དེ་སྔོན་ནས་རྒྱ་ནག་གི་ཐེ་པེ་ཞེས་པའི་མིང་ཁུར་གྱི་ཡོད་པ་དེ། ཐའེ་ཝན་ཞེས་པར་བསྒྱུར་དགོས་མིན་གྱི་ཐོག་ལ་ཕམ་ཁ་བྱུང་འདུག དེ་ཡང་མང་མོས་ཐག་གཅོད་སྔོན་ལ་རྒྱ་ནག་གིས་གནད་དོན་དེར་སྡིགས་བསྐུལ་བྱས་ཡོད་པ་མ་ཟད། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་ཀྱང་གལ་ཏེ་འོས་བསྡུའི་གྲུབ་དོན་དུ་རྒྱལ་ཁ་ཐོབ་ཚེ། རྒྱབ་སྐྱོར་བྱེད་ཐབས་མེད་སྐོར་བརྗོད་ཡོད་འདུག གནད་དོན་དེར་ཐོག་མར་ཐའེ་ཝན་ནང་རྒྱབ་སྐྱོར་བྱེད་མཁན་མང་པོ་བྱུང་ཡོད་ཀྱང་། རྗེས་སུ་གལ་ཏེ་ཐའེ་ཝན་རུ་ཁག་གི་མིང་འགྱུར་བ་གཏོང་དགོས་པ་ཆགས་ཚེ། ཨོ་རྩལ་འགྲན་ཚོགས་ནང་མཉམ་ཞུགས་བྱེད་ཐབས་མེད་པ་ཆགས་ཉེན་ཡོད་པས། རྩེད་མོ་བ་ཁག་ཅིག་དང་དགག་བྱ་བྱེད་མཁན་ཚོས་གནད་དོན་དེ་ཁུར་ནས་དགག་བྱ་ཆེན་པོ་བྱས་རྐྱེན། མང་མོས་འོས་བསྡུ་ཐག་གཅོད་ཀྱི་གྲུབ་དོན་དུ་ཕམ་ཁ་བྱུང་འདུག

གོ་མིན་ཏང་ཚོགས་པར་གྲོང་ཁྱེར་དང་རྫོང་ཁག་༢༢ ནས་༡༥ ནས་རྒྱལ་ཁ་ཐོབ་འདུག་པ་དང་། མང་གཙོ་ཡར་ཐོན་ཚོགས་པར་༦ ལ་རྒྱལ་ཁ་ཐོབ་འདུག འོས་བསྡུའི་གྲུབ་དོན་དེས་མ་འོངས་པར་ཐའེ་ཝན་དང་རྒྱ་ནག་གི་འབྲེལ་ལམ་ཡག་ཏུ་འགྲོ་སྲིད་ཀྱང་། ཐའེ་ཝན་གྱི་རང་བཙན་མངོན་འདོད་ལ་དོ་ཕོག་འགྲོ་སྲིད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༤༨༢ ཀློག་གྲངས།