ཇོར་ཇི་ཡའི་བུད་མེད་སྲིད་འཛིན་ཐོག་མ་འདེམས་ཐོན་བྱུང་འདུག

ཡུ་རོབ་རྒྱལ་ཁབ་ཇོར་ཇི་ཡ་(Georgia) མི་མང་གིས། སྲིད་འཛིན་འོས་བསྡུ་རིམ་པ་གཉིས་པའི་ཁྲོད། ཐེངས་དང་པོར་བུད་མེད་གཅིག་སྲིད་འཛིན་དུ་འདེམས་ཐོན་བྱས་འདུག་ཀྱང་། རྩ་ཁྲིམས་བསྐྱར་བཅོས་ལག་བསྟར་བྱེད་རན་པ་དང་བསྟུན། སྲིད་འཛིན་གྱི་དབང་ཚད་ནི་མཚོན་དོན་ཙམ་ཆགས་རྒྱུ་རེད་འདུག

ཟླ་༡༡ པའི་ཚེས་༢༨ ཉིན་ཇོར་ཇི་ཡའི་མི་མང་གིས་སྲིད་འཛིན་འོས་བསྡུ་རིམ་པ་གཉིས་པ་དེ་བྱས་འདུག་པ་དང་། འོས་གྲངས་བརྒྱ་ཆ་༩༩ ལྷག་བརྩིས་ཟིན་པ་ལྟར། གཞུང་འཛིན་ཚོགས་པའི་རྒྱབ་སྐྱོར་བྱེད་ཡུལ་ལྕམ་སཱ་ལོ་མི་ཛུ་ར་བྷི་ཝིལ་ལ་འོས་གྲངས་བརྒྱ་ཆ་༥༩ ལྷག་ཐོབ་ཡོད་པ་དང་། ཕྱོགས་འགལ་ཚོགས་པ་རྣམས་ཀྱི་རྒྱབ་སྐྱོར་བྱེད་ཡུལ་སྐུ་ཞབས་ཝ་ཤ་ཌེ་ཛིར་འོས་གྲངས་ཀྱི་བརྒྱ་ཆ་༤༠ ཐོབ་ནས། ལྕམ་ཛུ་ར་བྷི་ཝིལ་ལ་རྒྱལ་ཁ་ཐོབ་ནས། རྒྱལ་ཁབ་དེའི་བུད་མེད་ཀྱི་སྲིད་འཛིན་ཐོག་མ་དེ་འདེམས་ཐོན་བྱུང་འདུག

ལོ་སྔོན་མར་རྒྱལ་ཁབ་དེའི་རྩ་ཁྲིམས་བསྐྱར་བཅོས་བྱས་ནས། གཞུང་གི་ལམ་ལུགས་དེ་གྲོས་ཚོགས་ལམ་ལུགས་བཟོ་རྒྱུ་གཏན་འབེབས་བྱས་ཟིན་པ་ལྟར། སྲིད་འཛིན་གྱི་དབང་ཚད་དེ་མཚོན་དོན་ཙམ་ཞིག་ཏུ་བསྒྱུར་རྒྱུ་ཡིན་འདུག་པ་དང་། ཐེངས་འདིར་མི་མང་གིས་ཐད་ཀར་སྲིད་འཛིན་འོས་འདེམས་བྱས་པ་དེ་ཡང་མཐའ་མ་ཆགས་ཀྱི་ཡོད་འདུག

ལྕམ་སཱ་ལོ་མི་ཛུ་ར་བྷི་ཝིལ་གྱིས། མོར་ཡིད་ཆེས་བྱས་ནས་སྲིད་འཛིན་དུ་འདེམས་ཐོན་བྱུང་བར་བཀའ་དྲིན་ཆེ་ཞུས་ནས། ཁོང་ལ་འོས་བླུགས་མཁན་དང་མ་བླུགས་མཁན་ཚང་མའི་བདེ་སྡུག་ལ་ཁུར་ལེན་མཁན་སྲིད་འཛིན་ཞིག་བྱེད་རྒྱུ་ཡིན་ཁར། དམིགས་ཡུལ་གཙོ་བོ་ནི་མི་མང་རྣམས་ཆིག་སྒྲིལ་བཟོ་རྒྱུ་དང་རྒྱལ་ཁབ་ནང་བརྟན་ལྷིང་ཡོང་བ་བཟོ་རྒྱུ་ཡིན་སྐོར་བསྒྲགས་འདུག

རྒྱལ་ཁབ་དེའི་འོས་བསྡུ་ལྷན་ཁང་གི་གྲངས་ཐོར་གཞིགས་ན། སྲིད་འཛིན་གྱི་འོས་བསྡུ་རིམ་པ་གཉིས་པར་མཉམ་ཞུགས་བྱེད་མཁན་མི་མང་གི་གྲངས་འབོར་ནི་བརྒྱ་ཆ་༥༦.༢༣ ཡིན་པ་དང་། མི་མང་༡,༡༤༦,༠༦༣ གྱིས་ལྕམ་སཱ་ལོ་མི་ཛུ་ར་བྷི་ཝིལ་ལ་འོས་ཤོག་འཕངས་འདུག ཐེངས་འདིའི་སྲིད་འཛིན་འོས་བསྡུ་ལ་གཞིགས་ནས། ཕྱི་ལོ་༢༠༢༠ ལོའི་རྒྱལ་ཁབ་དེའི་གྲོས་ཚོགས་འོས་བསྡུ་སྲིད་དོན་ཚོགས་པ་སུ་ལ་རྒྱལ་ཁ་ཐོབ་སྲིད་མིན་ཚོད་དཔག་བྱེད་ཆེད་ཀྱང་ཡིན་འདུག

ཇིར་ཇི་ཡ་ནི་དེ་སྔོན་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན་འདུག་པ་དང་། ད་ལྟའི་ཆར་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཆ་ནས། སྲིད་འཛིན་ལྕམ་སཱ་ལོ་མི་ཛུ་ར་བྷི་ཝེལ་གྱིས་ཨུ་རུ་སུ་དང་འབྲེལ་ལམ་ཆ་སྙོམས་པ་ཞིག་བྱེད་རྒྱུར་རྒྱབ་སྐྱོར་ཡོད་འདུག་པ་དང་། སྲིད་འཛིན་འོས་ཤོར་མཁན་སྐུ་ཞབས་ཝ་ཤ་ཌེ་ཛི་ནི་ནུབ་ཕྱོགས་རྒྱལ་ཁབ་དང་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་འདུག

ཡུ་རོབ་མཐུན་ཚོགས་དང་བྱང་ཨ་རི་དང་ཡུ་རོབ་མཐུན་ཚོགས་བཅས་ཀྱི་ཚོགས་མིར་ཞུགས་ཐབས་བྱེད་མཁན་ཇོར་ཇི་ཡའི་འོས་བསྡུར། ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གིས་དོ་སྣང་བྱས་ཡོད་འདུག ཕྱོགས་འགལ་ཚོགས་པ་ཚོས་འོས་བསྡུ་དེ་དྲང་བདེན་ཐོག་ནས་སོང་མེད་པར་སྐྱོན་བརྗོད་བྱས་ཡོད་ཀྱང་། གཞུང་འཛིན་ཚོགས་པས་ངོས་ལེན་བྱས་མི་འདུག

འདེམས་ཐོན་བྱུང་བའི་སྲིད་འཛིན་ལྕམ་སཱ་ལོ་མི་ཛུ་ར་བྷི་ཝིལ་གྱིས་ཟླ་༡༢ པའི་ཚེས་༡༦ ཉིན་ནས་ལས་ཁུར་བྱེད་རྒྱུ་ཡིན་པ་དང་། ཁོང་ནི་ཕྱི་ལོ་༡༩༥༢ ལོར་ཧྥ་རན་སིར་ཇོར་ཇི་ཡའི་གནས་སྤོ་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས་འདུག་པ་དང་། ཕྱི་ལོ་༢༠༠༤ ལོར་ཁོང་ཇོར་ཇི་ཡའི་ཕྱི་སྲིད་བློན་ཆེན་དུ་བསྐོ་གཞག་བྱས་པ་ནི་བུད་མེད་ཅིག་ལས་གནས་དེར་བསྐོས་པ་ཐོག་མར་དེ་ཆགས་འདུག ཁོང་གིས་མཉམ་འབྲེལ་རྒྱལ་ཁབ་ཏུ་ལས་ཀ་བྱས་ཡོད་པ་མ་ཟད། ད་ལྟའི་ཆར་ཇོར་ཇི་ཡའི་གྲོས་ཚོགས་འཐུས་མི་ཡང་ཡིན་པས། སྲིད་འཛིན་ལས་གནས་ལ་ཞུགས་རྗེས་གྲོས་ཚོགས་འཐུས་མི་ནས་དགོངས་པ་ཞུ་དགོས་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༦༣༡ ཀློག་གྲངས།